དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་ཚོང་དཔོན་གྱི་བུའི་སྔོན་གྱི་རྒྱུ་འདི་བསྟན་པ་ན་ལྷ་དང་མིའི་འཁོར་རྣམས་ཀྱིས་ཤིན་ཏུ་ངོ་མཚར་ཆེའོ་ཞེས་བསྔགས་པ་བརྗོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་དག་སོ་སོ་ནས་གནས་དེ་ཉིད་དུ་མགྲིན་གཅིག་ཏུ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ་ཤཱཀྱ་ཐུབ་པའི་གཙོ། །ཡན་ལག་བཅུ་གཉིས་མཚུངས་ལྡན་པ། །དམ་ཆོས་རིག་སྔགས་བཀས་བཤད་ནས། །སྡིག་བསལ་བསོད་ནམས་འཕེལ་བར་མཛད། །བདག་ཅག་ཀྱང་ནི་སྔགས་བརྗོད་ནས། །དམ་པའི་ཆོས་ནི་སྲུང་བར་བགྱིད། །གང་ཞིག་འགལ་བར་བགྱིས་ནས་ནི། །ལེགས་པར་རྗེས་སུ་མི་འབྲང་ན། །ཨརྫ་ཀ་ཡི་ཡལ་ག་བཞིན། །མགོ་ནི་ཚལ་པ་བདུན་དུ་འགས། །བདག་ཅག་བཅོམ་ལྡན་སྤྱན་སྔར་ནི། །རིག་སྔགས་ལན་ཅིག་བརྗོད་པར་བགྱི། །ཏདྱ་ཐཱ། ཧི་རི་མི་གཱ་ཏེ། གནྡྷ་རི། ཙནྡྷ་རི། དྷ་རི་ཛེ་བྷ་རེ། ཤི་ཧི་བྷ་རི། པུ་རེ་པུ་རེ། གུ་གུ་མ་ཏི། ཁི་ར་མ་ཏི། དྷ་དྷི་མུ་ཁི། ལཽ་རུ་བྷ། མུ་རུ་བྷི། ཀུ་ཙ་མུ་རུ་གནྟེ། ཏུ་རུ་ཏུ་རུ་ཏུ་རུ་བཱི་རྱེ། ཨ་དྷི་སིདྡྷི། ད་བ་བྱེ། དྷ་ད་བ་བྱེ། ཨུསྟེ། ཨུ་སྟ་བད་དྷེ། ཨན་ལེ་བད་དྷེ། པ་དུ་མ་བད་དྷེ། ཨ་སུ་མ་བད་དྷེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་ལྷ་མོ་དེའི་ཚེ་ཚོང་དཔོན་གྱི་བུ་ཆུ་འབེབས་དང་བུ་གཉིས་ཀྱིས་རྫིང་དེའི་ཉ་དག་ལ་ཆུ་དང་ཟས་བྱིན་ནས་ཆོས་བཤད་དེ་སླར་རང་གི་ཁྱིམ་དུ་དོང་ངོ་། །ཚོང་དཔོན་གྱི་བུ་ཆུ་འབེབས་དེ་དུས་གཞན་ཞིག་ན་སྟོན་མོ་ལ་འདུས་ཏེ། སྟོན་མོ་སྣ་ཚོགས་བྱས་ནས་ཆང་གིས་ར་རོ་སྟེ་ཉལ་བ་དང་། དེའི་ཚེ་ཉ་སྟོང་ཕྲག་བཅུ་པོ་དེ་དག་དུས་གཅིག་ཏུ་ཚེ་འདས་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པས། དེ་དག་འདི་སྙམ་དུ་བདག་ཅག་དགེ་བའི་ལས་ཀྱི་རྒྱུ་དང་རྐྱེན་གང་གིས་ལྷའི་གནས་འདིར་སྐྱེས་པར་གྱུར་ཅེས་བསམས་ནས་ཕན་ཚུན་གཅིག་ལ་གཅིག་འདི་སྐད་དུ་བདག་ཅག་ནི་སྔོན་འཛམ་བུའི་གླིང་དུ་དུད་འགྲོའི་སྐྱེ་གནས་སུ་ལྷུང་ནས་ཉའི་ལུས་བླངས་པ་ལས། ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་བདག་ཅག་ལ་ཆུ་དང་ཟས་བྱིན་ནས། གཞན་ཡང་བདག་ཅག་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པའི་ཆོས་ཟབ་མོ་དང་གཟུངས་ཀྱང་བཤད། དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཕུད་ཀྱི་མཚན་ནས་ཀྱང་བརྗོད་པའི་རྒྱུ་དང་རྐྱེན་དེས་བདག་ཅག་ལྷའི་གནས་འདིར་སྐྱེས་པ་ཡིན་པས།