Degé Kangyur volume 89, F.29.b

གཤེགས་པ་བཞི་དང་། སྐྱེས་བུ་ཆེན་པོ་དེ་གཉིས་དང་། ལྷའི་བུ་རྣམས་ལས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་བསྟན་པ་མངོན་སུམ་དུ་ཐོས་པས་ཡང་འདུག་པའི་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་གུས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་གལ་ཏེ་ཡང་དག་པར་འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་རིང་བསྲེལ་ཡང་མི་མངའ་བ་ཞིག་ལགས་ན་ཅིའི་སླད་དུ་མདོ་སྡེ་ལས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སངས་རྒྱས་ལ་རིང་བསྲེལ་མངའ་བར་གསུངས་ཤིང་། ལྷ་དང་མི་རྣམས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། མཆོད་པ་བགྱིད་པར་འགྱུར་བའི་ཆེད་དུ་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་སྐུ་གདུང་མངའ་བར་བསྟན་ཅིང་འཇིག་རྟེན་ན་བཞུགས་པས་ལྷ་དང་མི་རྣམས་ཀྱིས་མཆོད་ཅིང་རིམ་གྲོ་བགྱིས་ན་བསོད་ནམས་དཔག་ཏུ་མ་མཆིས་པ་ཐོབ་པར་འགྱུར་རོ། །​ཞེས་གསུངས་ལ། དེང་ནི་མ་མཆིས་སོ་ཞེས་གསུངས་པས་ཐེ་ཙོམ་དང་སོམ་ཉི་འཚལ་བར་གྱུར་ན། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་རྒྱ་ཆེར་རྣམ་པར་དབྱེ་བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་དང་། འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། ཁྱོད་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། ཡོངས་སུ་མྱ་ངན་ལས་འདའ་ཞིང་རིང་བསྲེལ་ཡོད་དོ། །​ཞེས་གསུངས་པ་ནི་དགོངས་པའི་དབང་གིས་གསུངས་པ་ཡིན་པས་འདི་ལྟར་དེའི་དོན་གང་ཡིན་པ་སེམས་རྩེ་གཅིག་ཏུ་ཉོན་ཅིག །​རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འདི་ལྟར་ཆོས་རྣམ་པ་བཅུས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི། དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་གྱིས་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཆེན་པོ་ཡོད་པར་གསུངས་པ་གང་ཡིན་པ་ཤེས་པར་འགྱུར་བར་རིག་པར་བྱའོ། །​བཅུ་གང་ཞེ་ན། དང་པོ་ནི་དེ་བཞིན་གཤེགས་པ་རྣམས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་ཤིང་ཟད་པར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh555.html?part=UT22084-089-012-3274#UT22084-089-012-3274