Degé Kangyur volume 89, F.83.b

པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེ་འདི་དང་། ཆོས་འཆད་པའི་མཁན་པོ་གང་ལགས་པ་དེ་དག་ཡོངས་སུ་བསྲུང་ཞིང་སྤེལ་བར་བགྱིད་ལ། གལ་ཏེ་བགེགས་བགྱིད་པ་ཞིག་མཆིས་ན་ཡང་བདག་ཅག་གིས་ཡོངས་སུ་བསལ་ནས་དགེ་བ་མང་པོ་དང་ལྡན་པ་དང་། ཁ་དོག་དང་། མཐུ་སྟོབས་དང་ལྡན་པ་དང་། སྤོབས་པ་ལ་ཐོགས་པ་མ་མཆིས་པ་དང་། ལུས་དང་སེམས་བག་ཡངས་སུ་འགྱུར་བ་དང་། ཉན་པའི་འཁོར་རྣམས་བདེ་བ་མྱོང་བར་བགྱིད་དོ། །​ཡུལ་གང་ན་གནས་པ་དེར་མུ་གེ་དང་། ཕྱིར་རྒོལ་བའི་དགྲ་དང་། མི་མ་ལགས་པ་དག་གིས་འཚེ་ཞིང་གནོད་པ་བགྱིད་པར་གྱུར་ན། བདག་ཅག་ལྷའི་འཁོར་རྣམས་ཀྱིས་ཡོངས་སུ་བསྲུངས་ནས་སྐྱེ་བོ་རྣམས་བདེ་སྐྱིད་ཅིང་ལོངས་སྤྱོད་རྒྱས་པ་དང་། གློ་བུར་གྱི་གནོད་པ་རྣམས་མ་མཆིས་པར་བགྱིད་དེ། འདི་དག་ཐམས་ཅད་ཀྱང་བདག་ཅག་དང་ལྷའི་འཁོར་རྣམས་ཀྱི་མཐུ་ལགས་སོ། །​གང་ལ་ལ་ཞིག་གིས་མདོ་སྡེ་འདི་ལ་མཆོད་པ་བགྱིས་ན་བདག་ཅག་ཀྱང་སངས་རྒྱས་ཇི་ལྟ་བ་བཞིན་དུ་ཐ་དད་པ་མ་མཆིས་པའི་བསམ་པས་བཀུར་སྟི་དང་མཆོད་པ་བགྱིད་དོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པའི་རྒྱལ་པོ་ཆེན་པོ་དང་། ཚངས་པའི་འཁོར་རྣམས་ནས་རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་ལ་སོགས་པའི་བར་དག་ལ་བཀའ་སྩལ་པ་ལེགས་སོ་ལེགས་སོ། །​ཁྱེད་ཀྱིས་ཆོས་ཟབ་མོ་གྱ་ནོམ་པ་ཐོས་ནས་མདོ་སྡེའི་རྒྱལ་པོ་མཆོག་དམ་པ་འདི་དང་མདོ་སྡེ་འཛིན་པ་དག་ལ་ཡོངས་སུ་བསྲུངས་ཤིང་ཡོངས་སུ་བསྐྱབས་པས་བསོད་ནམས་ཁྱད་པར་དུ་འཕགས་པ་མཐའ་མེད་པ་སྙེད་ཐོབ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །​དེ་ནས་དེའི་ཚེ་ཚངས་པའི་རྒྱལ་པོ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་རབ་ཏུ་དགའ་སྟེ་སྤྱི་བོས་བླངས་པར་གྱུར་ཏོ། །​གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་སྟོང་པ་ཉིད་ལ་བརྟེན་ནས་སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་བའི་ལེའུ་སྟེ་བཅུ་པའོ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh555.html?part=UT22084-089-012-3382#UT22084-089-012-3382