Degé Kangyur volume 89, F.18.b

མི་ཁྱབ་བོ། །​དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁོར་གསུམ་ཡོངས་སུ་དག་པས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདི་ལྟར་སྟོང་པ་ཉིད་བཅྭ་བརྒྱད་དེ། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། མདོར་ན་སྟོང་པ་ཉིད་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །​སྐར་མ་རབ་རིབ་མར་མེ་དང་། །​སྒྱུ་མ་ཟིལ་པ་ཆུ་བུར་དང་། །​རྨི་ལམ་གློག་དང་སྤྲིན་ལྟ་བུ། །​འདུས་བྱས་དེ་ལྟར་བལྟ་བར་བྱ། །​ན་མོ་བྷ་ག་བ་ཏྱཻ་ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཡཻ། ཨོཾ་དྷཱིཿཧྲཱིཿཤྲཱི་ཤྲུ་ཏི་སྨྲྀ་ཏི་མ་ཏི་ག་ཏི་བི་ཛ་ཡེ་སྭཱ་ཧཱ། འགག་པ་མེད་ཅིང་སྐྱེ་མེད་ལ། །​ཆད་པ་མེད་ཅིང་རྟག་པ་མེད། །​ཐ་དད་དོན་མིན་དོན་གཅིག་མིན། །​འོང་བ་མེད་ཅིང་འགྲོ་མེད་ལ། །​སྤྲོས་པ་ཞི་བས་ཞི་བ་ཡི། །​རྟེན་ཅིང་འབྲེལ་བར་འབྱུང་སྟོན་པ། །​རྫོགས་པའི་སངས་རྒྱས་གང་ཡིན་པ། །​སྨྲ་མཆོག་དེ་ལ་ཕྱག་འཚལ་ལོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།​། །​།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀཽ་ཤི་ཀ་ཞེས་བྱ་བ་རྫོགས་སོ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh554.html?part=UT22084-034-007-195#UT22084-034-007-195