དོན་ཐམས་ཅད་སྒྲུབ་པར་བྱེད་པ། ལས་ཐམས་ཅད་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ། རེ་བ་ཐམས་ཅད་ཡོངས་སུ་སྐོང་བར་མཛད་པ་སྟེ། སོ་ཤིང་ལ་བསྔགས་ནས་བཅངས་ན་སོ་ན་བ་འབྱང་ངོ་། །མིག་ན་བ་ལ་རྒྱམ་ཚྭ་བཏགས་པ་ལ་ལན་བདུན་བསྔགས་ཏེ་མིག་བཀང་ན་མིག་ནད་སེལ་ཏོ། །མིའི་ཁོང་དུ་མཚོན་གྱི་དུམ་བུ་ལུས་པ་ལ་ཞུན་མར་རྙིང་པ་ལ་ལན་བདུན་ནམ། བརྒྱ་རྩ་བརྒྱད་བསྔགས་ཏེ་བླུད་པའམ། རྨ་ཁར་བསྐུས་ན་མཚོན་གྱི་དུམ་བུ་འབྱུང་བར་འགྱུར་རོ། །ཟས་མ་ཞུ་བ་དང་། སྦོས་ཏེ་གསུད་པ་དང་། ཚད་པས་འཁྲུ་བ་ལ་མུ་རང་ཚྭའམ། རྒྱམ་ཚྭའམ། ཡང་ན་ལན་ཚྭ་གཞན་གང་ཡང་རུང་བ་ལ་ལན་བདུན་བསྔགས་ཏེ་ཟོས་ན་ནད་དེ་ལས་གྲོལ་ཏེ་དེ་ཉིད་ཀྱི་ཉིན་པར་སོས་པར་འགྱུར་རོ། །ཀླད་པ་ན་བ་ལ་བྱ་རོག་གི་སྒྲོ་ལ་ལན་བདུན་བསྔགས་ཏེ་བྱབས་ན་ནད་དེ་སོས་པར་འགྱུར་རོ། །འཇམ་དཔལ་གྱི་ཡི་གེ་འབྲུ་གཅིག་པའི་གཟུངས་རྫོགས་སོ།། །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྣོན་པོ་ལ་བསྟོད་པ། མཐིང་ནག་མཛེས་པས་འཇམ་པར་འཚེར་བའི་དབུ། །ལྕང་ལོ་རྫིངས་བསྐྱོད་མཐིང་གི་མཚོ་ལྟར་གཡོ། །དགེ་བའི་སྤྱི་གཙུག་མཚན་མཆོག་གཡས་སུ་འཁྱིལ། །གཙུག་ཏོར་འཕགས་པས་སྐྱེ་བོས་བལྟར་མི་མཐོང་། །སྲིད་པའི་སྡུག་བསྔལ་མ་ལུས་གཞོམ་པ་དང་། །མཐུ་ཆེན་བྱིན་གྱིས་རྒོལ་བ་གཞོམ་པའི་ཕྱིར། །དབུ་རྒྱན་ཅོད་པན་རྒྱལ་བའི་མཆོག་གསང་ཞིང་། །ཆོས་ཀྱི་རྒྱལ་ཐབས་དབང་གི་ཕ་རོལ་ཕྱིན། །རིན་ཆེན་སྤུག་དང་ཨུཏྤལ་འདྲ་བ་ཡི། །ཤིན་ཏུ་དངས་པར་དཀར་ནག་ཕྱེད་པའི་སྤྱན། །སྨིན་ཚུགས་མཛེས་པས་ཟླ་བ་ཚེས་ལྟར་འཁྱུག །མིག་འཛུམས་ཟུར་གྱིས་ལྟ་བས་བྱམས་པའི་རྟགས། །སིལ་སྙན་རྣམ་དག་མཚན་རབ་འབྲུ་ཆགས་པ། །རིན་ཆེན་མ་ལུས་རྣམ་པ་དུ་མས་སྤྲས། །རྒྱལ་བས་ཞིང་མང་རྣམ་པ་སྣ་ཚོགས་སུ། །རྣམ་ཐར་དཔག་ཡས་ཆོས་སྒོ་གྲངས་མེད་གནས། །ཤངས་ཀྱི་དབྱིབས་ལེགས་སྐྱེ་བོ་ཡོངས་ལས་འཕགས། །མཐོ་ལ་ཡིད་ཙམ་ཟུར་ལ་ལེགས་པའི་མཚན། །དྲང་ལ་ཆུ་ཕྲན་འདྲ་བར་མཛེས་པའི་ཚུལ།