Degé Kangyur volume 40, F.231.a

སྐྱེས། །​ཁྱད་འཕགས་སྒྲ་སྙན་སངས་རྒྱས་བསྔགས་བརྗོད་ནས། །​འདྲེན་པ་བྱུང་བས་འཇིག་རྟེན་ཕན་མཛད་ཟེར། །​འཐབ་བྲལ་ལྷ་དག་དེ་སྐད་ཐོས་ནས་ནི། །​ཐམས་ཅད་དགའ་ནས་ཤིན་དུ་དང་བ་སྐྱེས། །​ཁྱད་འཕགས་སྒྲ་སྙན་སངས་རྒྱས་བསྔགས་བརྗོད་ནས། །འདྲེན་པ་བྱུང་ནས་འཇིག་རྟེན་ཕན་མཛད་ཟེར། །​བདག་ཅག་བྱང་ཆུབ་སེམས་ནི་རབ་བསྐྱེད་ནས། །​བཅོམ་ལྡན་བླ་མེད་མཁྱེན་པ་ཉེ་བར་བགྱི། །​ལྷ་མིའི་གཙོ་མཆོག་ལ་ནི་བརྟེན་ནས་སུ། །​སེམས་ཅན་ཐམས་ཅད་སྒྲོལ་བར་བགྱིད་ཅེས་ཟེར། །​དགའ་ལྡན་ལྷ་རྣམས་དེ་སྐད་ཐོས་ནས་ཀྱང་། །​ཐམས་ཅད་དགའ་ནས་ཤིན་དུ་དང་བ་སྐྱེས། །​ཁྱད་འཕགས་སྒྲ་སྙན་སངས་རྒྱས་བསྔགས་བརྗོད་ནས། །​འདྲེན་པ་བྱུང་བས་འཇིག་རྟེན་ཕན་མཛད་ཟེར། །​བཅོམ་ལྡན་འདས་ཀྱིས་བསྐལ་པ་བྱེ་བར་ནི། །​སྤྱོད་མཆོག་ཁྱད་འཕགས་དཔག་མེད་མངོན་བསྒྲུབས་ནས། །སེམས་ཅན་སྡུག་བསྔལ་བ་ལ་བདེ་ལམ་བསྟན། །​འཁོར་བ་བསྒྲལ་ནས་མྱ་ངན་འདས་ལ་བཀོད། །​འཕྲུལ་དགའི་ལྷ་རྣམས་དེ་སྐད་ཐོས་ནས་ནི། །​ཐམས་ཅད་དགའ་ནས་ཤིན་དུ་དང་བ་སྐྱེས། །​ཁྱད་འཕགས་སྒྲ་སྙན་སངས་རྒྱས་བསྔགས་བརྗོད་ནས། །​འདྲེན་པ་བྱུང་བས་འཇིག་རྟེན་ཕན་མཛད་ཟེར། །​གཞན་འཕྲུལ་དབང་བྱེད་ལྷས་ནི་དེ་ཐོས་ནས། །​ཐམས་ཅད་དགའ་ནས་ཤིན་དུ་དང་བ་སྐྱེས། །​ཁྱད་འཕགས་སྒྲ་སྙན་སངས་རྒྱས་བསྔགས་བརྗོད་ནས། །​འདྲེན་པ་བྱུང་ནས་འཇིག་རྟེན་ཕན་མཛད་ཟེར། །​དེ་བཞིན་གཤེགས་པ་སྐྱེ་ཤི་འདས་པས་ན། །​བདུད་དང་མུ་སྟེགས་མང་པོ་ཕམ་པར་མཛད། །​བླ་མེད་བྱང་ཆུབ་དག་ནི་ཡོངས་རྫོགས་ནས། །​སྐྱེ་དགུ་དྲངས་ནས་ཕ་རོལ་འཇོག་ཅེས་ཟེར། །​ཚངས་རིས་ལྷ་རྣམས་དེ་སྐད་ཐོས་ནས་ཀྱང་། །​ཐམས་ཅད་དགའ་ནས་ཤིན་དུ་དང་བ་སྐྱེས། །​ཁྱད་འཕགས་སྒྲ་སྙན་སངས་རྒྱས་བསྔགས་བརྗོད་ནས། །​འདྲེན་པ་བྱུང་བས་འཇིག་རྟེན་ཕན་མཛད་ཟེར། །​དེ་བཞིན་གཅིག་ནས་གཅིག་ཏུ་སྒྲ་ཐོས་པས། །​ཚངས་པའི་འཁོར་རྣམས་དགའ་ནས་འདི་སྐད་དུ། །​འདྲེན་པ་བྱུང་བས་འཇིག་རྟེན་ཕན་པ་མཛད། །​བདུད་དཔུང་འཇིགས་སྐྲག་མྱ་ངན་བྱེད་ཅེས་ཟེར། །​སྲིད་པའི་རྩེ་མོའི་ལྷ་ཡི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55.html?part=UT22084-040-006-1776#UT22084-040-006-1776