Degé Kangyur volume 40, F.230.b

གང་ཞིག་ཆོས་སྐུ་མཆོག་ནི་གྲུབ་གྱུར་ན། །​ཀུན་འཛིན་ཡེ་ཤེས་དཔག་མེད་ཐོབ་པར་འགྱུར། །​གང་ཞིག་ཀུན་འཛིན་ཡེ་ཤེས་དཔག་མེད་ཐོབ། །​དེས་ནི་མདོ་སྡེ་དཔག་མེད་གོ་བར་འགྱུར། །​གང་ཞིག་མདོ་སྡེ་དཔག་མེད་གོ་གྱུར་པས། །​སངས་རྒྱས་རྫུ་འཕྲུལ་འཐོབ་པ་དཀའ་མི་འགྱུར། །གང་ཞིག་མིག་སྐྱེ་ངེས་པ་ཐོབ་གྱུར་ན། །​ཆོས་སྐུ་མངོན་པར་འགྲུབ་པ་དཀའ་མི་འགྱུར། །​གང་ཞིག་ཆོས་སྐུ་མཆོག་ནི་གྲུབ་གྱུར་ན། །​ཀུན་འཛིན་ཡེ་ཤེས་དཔག་མེད་འཐོབ་པར་འགྱུར། །​གང་ཞིག་ཀུན་འཛིན་ཡེ་ཤེས་དཔག་མེད་ཐོབ། །​དེས་ནི་མདོ་སྡེ་དཔག་མེད་གོ་བར་འགྱུར། །གང་ཞིག་མདོ་སྡེ་དཔག་མེད་གོ་གྱུར་པས། །​སངས་རྒྱས་རྫུ་འཕྲུལ་ཐོབ་པ་དཀའ་མི་འགྱུར། །​དེ་བཞིན་རྣ་བ་སྣ་ལྕེ་ལུས་དང་ཡིད། །​གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་དག་ནས། །​སྒྲ་རྣམས་དང་ནི་མིང་གི་བར་དུ་ཡང་། །​ཐམས་ཅད་དེ་བཞིན་དུ་ནི་སྦྱར་བར་བྱ། །​དེ་ཚེ་ས་ཆེན་དག་ནི་རབ་ཏུ་གཡོས། །​རྒྱ་མཚོ་རི་རྣམས་ཀྱང་ནི་དེ་བཞིན་ནོ། །​ལྷ་མ་ཡིན་དང་ལྷ་ནི་མང་པོ་རྣམས། །​ཐམས་ཅད་རབ་ཏུ་དགའ་བ་སྐྱེས་པར་གྱུར། །​བདུད་དང་བདུད་དཔུང་གཡོ་སྒྱུ་རབ་བཅོམ་ནས། །​ཐམས་ཅད་སངས་རྒྱས་བཀོད་པ་བསྒྲུབ་པར་མོས། །​ལྷ་རྣམས་སོ་སོར་གཞལ་མེད་ཁང་ཞུགས་ནས། །​ཕན་ཚུན་དགའ་བའི་གཏམ་ནི་འདི་སྐད་སྨྲས། །​འདྲེན་པ་དེང་ནི་འཇིག་རྟེན་བྱུང་བས་ན། །​ལྷ་མི་ཐམས་ཅད་ལ་ནི་ཕན་པ་མཛད། །​ས་བླའི་ལྷ་འཁོར་གཞལ་མེད་ཁང་གནས་ནས། །​དང་བའི་སེམས་ཀྱིས་དགའ་ནས་འདི་སྐད་དུ། །​འདྲེན་པ་འཇིག་རྟེན་དེང་བྱུང་ཤིན་ཏུ་ལེགས། །​འཇིག་རྟེན་ཀུན་བདེ་རྒྱུ་ནི་རབ་ཏུ་མཛད། །​མཁའ་ལ་སྤྱོད་པའི་ལྷ་རྣམས་དེ་ཐོས་ནས། །​ཐམས་ཅད་དགའ་ནས་རབ་ཏུ་དང་བ་སྐྱེས། །​ཁྱད་འཕགས་སྒྲ་སྙན་སངས་རྒྱས་བསྔགས་བརྗོད་ནས། །​འདྲེན་པ་བྱུང་བས་འཇིག་རྟེན་ཕན་མཛད་ཟེར། །​རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་དེ་ཐོས་ནས། །​ཐམས་ཅད་དགའ་ནས་ཤིན་ཏུ་དང་བ་སྐྱེས། །​ཁྱད་འཕགས་སྒྲ་སྙན་སངས་རྒྱས་བསྔགས་བརྗོད་ནས། །​འདྲེན་པ་བྱུང་བས་འཇིག་རྟེན་ཕན་མཛད་ཟེར། །​སུམ་ཅུ་རྩ་གསུམ་ལྷས་ནི་དེ་ཐོས་ནས། །​ཐམས་ཅད་དགའ་ནས་ཤིན་དུ་དང་བ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55.html?part=UT22084-040-006-1775#UT22084-040-006-1775