Degé Kangyur volume 40, F.226.b

གྱི་ལྗོན་ཤིང་དང་། གསེར་གྱི་ལྗོན་ཤིང་དང་། རིན་པོ་ཆེའི་སྣོད་དང་། གོས་ལ་སོགས་པའི་ལྗོན་ཤིང་བརྒྱ་སྟོང་ཚད་མེད་དཔག་ཏུ་མེད་པ་རིན་པོ་ཆེ་རྣམས་ཀྱིས་བརྒྱན་པ། མེ་ཏོག་དང་། ལོ་མ་ཕུན་སུམ་ཚོགས་ཤིང་རྒྱས་པ། སེམས་ཅན་ཚད་མེད་པའི་བསོད་ནམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཐུན་མོང་དུ་མངོན་པར་གྲུབ་པ། རླུང་གི་ངད་ལངས་པ་ཙམ་གྱིས་སྤོས་མཆོག་དམ་པའི་དྲིས་སངས་རྒྱས་ཀྱི་ཞིང་ཚད་མེད་པ་རྣམས་ཀུན་ཏུ་ཁྱབ་པར་གང་བ་མངོན་པར་སྤྲུལ་ཏོ། །​སེམས་ཅན་བརྒྱ་སྟོང་ཚད་མེད་པ་རྣམས་ཀྱིས་ཀྱང་དུས་གཅིག་ཏུ་མེ་ཏོག་ཐོགས་ནས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ། །​དེ་བཞིན་དུ་སེམས་ཅན་མ་ཡིན་པ་ཚད་མེད་པ་རྣམས་ཀྱང་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་སྟོབས་ཀྱིས་མངོན་པར་སྤྲུལ་པ་ཤ་སྟག་གོ །​གང་དག་ཅི་དང་ཅི་སྨོན་པ་དེ་དག་ཀྱང་རྫུ་འཕྲུལ་གྱི་དབང་གིས་དེ་དག་གི་བསམ་པ་ཇི་ལྟ་བ་བཞིན་དུ་རེ་བ་ཡོངས་སུ་རྫོགས་པར་གྱུར་ཏོ། །​བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པའི་ཚེ་འཁོར་འདུས་པ་ཐམས་ཅད་ནམ་མཁའ་ལ་ཁྱད་པར་དུ་འཕགས་པའི་སྒྲ་བསམ་གྱིས་མི་ཁྱབ་པར་ཡང་དག་པར་སྟོན་པའི་སྒྲ་ཐོས་པར་གྱུར་ཀྱང་དེ་གང་ནས་བྱུང་བ་ཤེས་པར་ཡང་མ་གྱུར་ལ་ཚིགས་སུ་བཅད་པ་བརྒྱ་སྟོང་དུ་མས་ཀྱང་ཆོས་རྣམས་ཡང་དག་པར་བསྟན་པར་གྱུར་ཏོ། །​བཅོམ་ལྡན་འདས་ནི་གྲོང་ཁྱེར་ཞུགས་པའི་ཚེ། མཁའ་ལས་སྒྲ་ནི་འདི་སྐད་གྲགས་པར་གྱུར། །​འདོད་ཆགས་ཟད་མཐའ་སྟོང་དབེན་གང་རྟོགས་པ། །​ཡང་དག་ཉིད་རྟོགས་བྱང་ཆུབ་ཐོབ་པར་འགྱུར། །​བཅོམ་ལྡན་འདས་ནི་གྲོང་ཁྱེར་ཞུགས་པའི་ཚེ། །​མཁའ་ལས་སྒྲ་ནི་འདི་སྐད་གྲགས་པར་གྱུར། །​འདོད་ཆགས་སྐྱེ་མཐའ་སྟོང་དབེན་གང་རྟོགས་པ། །​ཡང་དག་ཉིད་རྟོགས་བྱང་ཆུབ་ཐོབ་པར་འགྱུར། །​བཅོམ་ལྡན་འདས་ནི་གྲོང་ཁྱེར་ཞུགས་པའི་ཚེ། །​མཁའ་ལས་སྒྲ་ནི་འདི་སྐད་གྲགས་པར་གྱུར། །​འདོད་ཆགས་མཐའ་ནི་སྟོང་དབེན་གང་རྟོགས་པ། །​ཡང་དག་ཉིད་རྟོགས་བྱང་ཆུབ་ཐོབ་པར་འགྱུར། །​བཅོམ་ལྡན་འདས་ནི་གྲོང་ཁྱེར་ཞུགས་པའི་ཚེ། །​མཁའ་ལས་སྒྲ་ནི་འདི་སྐད་གྲགས་པར་གྱུར། །​འདོད་ཆགས་རབ་ཞི་སྟོང་དབེན་གང་རྟོགས་པ། །​ཡང་དག་ཉིད་རྟོགས་བྱང་ཆུབ་ཐོབ་པར་འགྱུར། །​བཅོམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55.html?part=UT22084-040-006-1767#UT22084-040-006-1767