Degé Kangyur volume 40, F.226.a

རྣམས་ལ་སྨན་པར་མཛད་པའི་སླད་དུ་གྲོང་ཁྱེར་ཆེན་པོར་གཤེགས་སུ་གསོལ། དེ་ནས་བཅོམ་ལྡན་འདས་འཁོར་མང་པོ་དང་ཐབས་ཅིག་ཏུ་གྲོང་ཁྱེར་དུ་གཤེགས་ནས་སྒོའི་ཐེམ་པ་ལ་ཞབས་བཞག་མ་ཐག་ཏུ་གྲོང་ཁྱེར་ཆེན་པོ་དེའི་ས་ཆེན་པོ་ཡང་རབ་ཏུ་གཡོས་པར་གྱུར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བརྒྱ་སྟོང་ཚད་མེད་པ་ཡང་རབ་ཏུ་གཡོས་པར་གྱུར་ཏེ། དེའི་ཚེ་ལོང་བ་དག་ནི་གཟུགས་མཐོང་བར་གྱུར། སྡུག་བསྔལ་བ་རྣམས་ནི་བདེ་བ་ཐོབ་པར་གྱུར། འོན་པ་རྣམས་ནི་སྒྲ་ཐོས་པར་གྱུར། བྱད་བཞིན་མི་སྡུག་པ་རྣམས་ནི་བྱད་བཞིན་བཟང་པོ་ཐོབ་པར་གྱུར། ནོར་མེད་པ་རྣམས་ནི་ནོར་དང་ལྡན་པར་གྱུར། བུ་མེད་པ་རྣམས་ནི་བུ་ཡོད་པར་གྱུར། གོས་མེད་པ་རྣམས་ནི་གོས་ཐོབ་པར་གྱུར། རིན་པོ་ཆེ་མེད་པ་རྣམས་ནི་རིན་པོ་ཆེ་ཐོབ་པར་གྱུར། ཉེ་བཤེས་མེད་པ་རྣམས་ནི་ཉེ་བཤེས་དང་ལྡན་པར་གྱུར། ལུས་ཀྱི་རྒྱན་ཐམས་ཅད་ཀྱིས་ཕོངས་པ་རྣམས་ནི་ལུས་ཀྱི་རྒྱན་ཐམས་ཅད་དང་ལྡན་པར་གྱུར་ཏོ། །​གཞན་ཡང་ངང་པ་དང་། ཁྲུང་ཁྲུང་དང་། ནེ་ཙོ་དང་། རྨ་བྱ་དང་། ཀ་རི་ཀ་ལ་སོགས་པ་བྱའི་ཚོགས་མང་པོ་རྣམས་དེ་བཞིན་གཤེགས་པ་མཐོང་བ་དང་། རབ་ཏུ་དགའ་བའི་སེམས་བསྐྱེད་ནས་སྒྲ་སྙན་ཅིང་ཡིད་དུ་འོང་བ་མཆོག་དམ་པ་ཕྱུང་སྟེ། གང་གིས་སྒྲ་དེ་དག་ཐོས་པ་ཡང་ཡིད་ཤིན་ཏུ་བདེ་བར་གྱུར་ཏོ། །​གཞན་ཡང་དེ་བཞིན་གཤེགས་པས་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཙམ་པ་ཀའི་ལྗོན་ཤིང་ཚད་མེད་པ་སྙེད་མངོན་པར་སྤྲུལ་པས། སེམས་ཅན་བརྒྱ་སྟོང་མང་པོ་རྣམས་མེ་ཏོག་ཡོངས་སུ་དག་པ་དེ་དག་དང་། གཞན་ཡང་སྤོས་མཆོག་དམ་པ་ཐོགས་ནས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏེ་མཆོད་པ་བྱས་སོ། །​གཞན་ཡང་ལྷ་མ་ཡིན་གྱི་བུ་མོ་དབང་ཕྱུག་ཐོབ་པ་བརྒྱ་སྟོང་དུ་མ་མུ་ཏིག་དམར་པོ་དང་། ཙན་དན་གྱི་ཕྱེ་མ་ཐོགས་ནས་དེ་བཞིན་གཤེགས་པ་ལ་རབ་ཏུ་དགའ་བས་མངོན་པར་གཏོར་ཏོ། །​ལྷ་མ་ཡིན་མང་པོ་དང་། གཞན་ཡང་ལྷ་མང་པོ་རྣམས་རིན་པོ་ཆེའི་གདུགས་གསེར་དང་། དངུལ་གྱིས་རབ་ཏུ་བརྒྱན་པ་ཐོགས་ནས་བར་སྣང་ལ་འདུག་སྟེ། དེ་བཞིན་གཤེགས་པའི་སྟེང་དུ་ཁེབས་པར་གཡོགས་སོ། །​གཞན་ཡང་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཙན་དན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55.html?part=UT22084-040-006-1766#UT22084-040-006-1766