Degé Kangyur volume 88, F.78.b

།བུ་གཅིག་པ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། །​གཡུལ་འགྱེད་པ་ཐམས་ཅད་དུ་ཡང་མདུན་དུ་མཆི་བར་བགྱིའོ། །​རྒྱལ་སྲིད་ཐམས་ཅད་དུ་ཡང་ཆེས་བཀུར་སྟིར་བགྱིད་པར་འགྱུར་བར་བགྱི་སྟེ། བདག་ཅག་ནི་དེ་བཞིན་གཤེགས་པ་ལ་བཀའ་དྲིན་གཟོ་བར་བགྱིད་ཀྱི་བཀའ་དྲིན་མི་གཟོ་བར་མི་བགྱིད་ལགས་སོ། །བཅོམ་ལྡན་འདས་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མཆོད་པར་མི་བགྱིད་པ་དང་། ཆོས་སྨྲ་བ་དེ་དག་ལ་ཡང་མཆོད་པར་མི་བགྱིད་པ་དེ་ལ་ནི་བདག་ཅག་གིས་སེམས་མི་བདེ་བར་བགྱིའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ་དག་ལེགས་སོ་ལེགས་སོ། །​རྒྱལ་པོ་ཆེན་པོ་དག་ཁྱོད་ལེགས་ཀྱིས་རྟག་ཏུ་ཁྱོད་ཀྱིས་དེ་ལྟར་གྱིས་ཤིག །​དེ་ནས་དྲི་ཟའི་བདག་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་སླད་མའི་དུས་སླད་མའི་ཚེ་སེམས་ཅན་མི་དགེ་བ་སྤྱོད་པ་དང་། དེ་བཞིན་གཤེགས་པ་ལ་མ་དད་ཅིང་གློ་བར་མ་ཆུད་པ་དག་ཀྱང་འབྱུང་བར་འགྱུར་ཏེ། དེ་དག་ནི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འཛིན་པར་མི་བགྱིད། ཀློག་པར་མི་བགྱིད། ཡི་གེར་འདྲིར་སྩོལ་བར་མི་བགྱིད། སྦྱིན་པ་སྦྱིན་པར་མི་བགྱིད། སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་ཤིང་། འཇིག་རྟེན་འདིའི་བདེ་བ་ལ་ལྟ་བར་བགྱིད་དེ། སེམས་ཅན་དེ་ལྟ་བུ་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་དང་འདྲ་བའི་མདོ་སྡེའི་རྒྱལ་པོ་ཆེན་པོ་འདི་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་གཉིས་ཀྱིས་སེམས་ཅན་དམྱལ་བར་ལྟུང་བར་བྱེད་དེ། གཉིས་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་སྟེ། རིགས་ཀྱི་བུ་ཆོས་དེ་གཉིས་ཀྱིས་སེམས་ཅན་དམྱལ་བར་ལྟུང་བར་བྱེད་དོ། །​རིགས་ཀྱི་བུ་ཆོས་འདི་བཞིས་ནི་བདེ་འགྲོར་འགྲོ་བར་བྱེད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། བསམ་པ་ཡོངས་སུ་དག་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ཚངས་པར་སྤྱོད་པ་ལ་གནས་པའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh527.html?part=UT22084-051-002-261#UT22084-051-002-261