Degé Kangyur volume 40, F.144.b

སེམས་རྣམ་པར་གཡེངས་པ་མེད་པ་དེས་རབ་ཏུ་བཏུལ་ཏོ། །​སྨྲས་པ། ཚེ་དང་ལྡན་པ་དག་ཅི་ཁྱེད་ཅག་བཏུལ་བ་ཡིན་ནམ། དེ་དག་གིས་སྨྲས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་དྲིས་ཤིག །​དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །​འཇམ་དཔལ་དགེ་སློང་དེ་དག་སུས་བཏུལ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་གང་ལ་ཕུང་པོ་རྣམས་མེད་པ་དང་། ཁམས་རྣམས་མེད་པ་དང་། སྐྱེ་མཆེད་རྣམས་མེད་པ་དང་། གང་སོ་སོའི་སྐྱེ་བོ་མ་ཡིན་པ་དང་། །​སློབ་པ་མ་ཡིན་པ་དང་། མི་སློབ་པ་མ་ཡིན་པ་དང་། ཉན་ཐོས་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་མ་ཡིན་པ་དང་། དེ་བཞིན་གཤེགས་པ་མ་ཡིན་པ་དང་། གང་ལུས་དང་ལྡན་པ་མ་ཡིན་པ་དང་། ངག་དང་ལྡན་པ་མ་ཡིན་པ་དང་། སེམས་དང་ལྡན་པ་མ་ཡིན་པ་དང་། མཚུངས་པར་ལྡན་པ་མ་ཡིན་པ་དང་། བྲལ་བ་མ་ཡིན་པ་དེས་བཏུལ་ཏོ། །​སྨྲས་པ། འཇམ་དཔལ་དེ་སྟོན་པ་སུ་ཞིག །​འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་སྤྲུལ་པ་ཞིག་སྤྲུལ་ན་དེ་མཚུངས་པར་ལྡན་པ་ཡིན་སྙམ་འམ། སྨྲས་པ། འཇམ་དཔལ་དེ་ནི་ཆོས་གང་དང་ཡང་མཚུངས་པར་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ། །​འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་ཅི་ཆོས་ཐམས་ཅད་སྤྲུལ་པའི་ངོ་བོ་ཉིད་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་དེ་བཞིན་ནོ། །​འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་དགེ་སློང་འདི་དག་ནི་སྤྲུལ་པས་བཏུལ་བ་ཡིན་ཏེ། སྤྲུལ་པའི་འདུལ་བ་ཅི་འདྲ་བར་ཉན་ཐོས་ཐམས་ཅད་ཀྱི་འདུལ་བ་ཡང་དེ་འདྲའོ། །​བཙུན་པ་ཀུན་དགའ་བོ་གང་དག་དེ་ལྟར་བཏུལ་བ་དེ་དག་ནི་ཡང་དག་པར་བཏུལ་བ་ཡིན་ནོ། །​གང་དག་ཆོས་འདུལ་བ་འདི་ལ་མོས་པར་མི་བྱེད་པ་དེ་དག་ནི་ལྷག་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །​དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །​འཇམ་དཔལ་ཇི་ལྟར་ན་དགེ་སློང་ལྷག་པའི་ང་རྒྱལ་ཅན་དུ་རིག་པར་བྱ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་འདི་ལ་དགེ་སློང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པས་ཡོངས་སུ་དག་པར་རློམ་སེམས་སུ་བྱེད་པ་ནི་ལྷག་པའི་ང་རྒྱལ་ཅན་དུ་ཤེས་པར་བྱའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh52.html?part=UT22084-040-003-327#UT22084-040-003-327