Degé Kangyur volume 40, F.150.a

ཏིང་ངེ་འཛིན་གྱི་ཕུང་པོས་སེམས་གནས་པ་མེད་པ་དང་། ཤེས་རབ་ཀྱི་ཕུང་པོས་སེམས་རྣམ་པར་གྲོལ་བ་དང་། འཕགས་པའི་རིགས་མི་འདོར་བ་དང་། བྱང་ཆུབ་ཀྱི་སེམས་ལ་དམ་བཅས་པ་མ་ཉམས་པ་དང་། རྙེད་པ་དང་། བཀུར་སྟི་ཐམས་ཅད་དོན་དུ་མི་གཉེར་བ་དང་། སེམས་ཅན་ཕ་རོལ་དག་གི་ངོར་བྱེད་པ་མེད་པ་དང་། གཞན་ཀུན་དུ་བསྲུང་བའི་ཕྱིར་བདག་རྗེས་སུ་སྲུང་བ་དང་། རང་གི་སེམས་ལ་ངེས་པར་སེམས་པས་གཞན་གྱི་འཁྲུལ་པ་རྣམས་མི་ཚོལ་བ་དང་། ཚུལ་ཁྲིམས་ལེགས་པར་བསྡམས་པས་འཇིགས་པ་ཐམས་ཅད་དང་བྲལ་བ་དང་སློབ་དཔོན་གྱི་དཔེ་མཁྱུད་མེད་པས་ཆོས་ཀྱི་བགོ་བཤའ་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམས་རྗེས་སུ་སྲུང་བ་དང་། དང་པོར་དགེ་བའི་ཆོས་ཐམས་ཅད་ལ་ཐོག་མར་འགྲོ་བ་དང་། ཆོས་ཐམས་ཅད་རོ་གཅིག་པས་སྤྱོད་པ་ཐ་དད་པ་མེད་པ་དང་། རློམ་སེམས་ཐམས་ཅད་ཡང་དག་པར་བཅོམ་པས་རློམ་སེམས་མེད་པ་དང་། སྐྱེ་བ་མེད་པར་སོ་སོར་རྟོག་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམས་བཞིན་དུ་སྐྱེ་བ་ཡང་ཡོངས་སུ་འཛིན་པ་དང་། ཆོས་ཐམས་ཅད་ལ་གཟོད་མ་ནས་སྟོང་པ་ཉིད་དུ་ཡང་སོ་སོར་རྟོག་ལ་ལྟ་བ་ཐམས་ཅད་གདུལ་བའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་ཡང་བྱེད་པ་དང་། མཚན་མ་མེད་པ་ཡོངས་སུ་འདྲིས་པར་ཡང་བྱེད་ལ་མཚན་མ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་ཡང་ལྟ་བ་དང་། སྨོན་པའི་ཤེས་པ་ཡང་མེད་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱིར་སྨོན་ལམ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡང་སོ་སོར་རྟོག་ལ་དགེ་བའི་རྩ་བ་མངོན་པར་འདུ་བྱ་བས་ཀྱང་ངོམས་མི་མྱོང་བ་དང་། དངོས་པོ་ནི་དངོས་པོ་མེད་པར་སྣང་བས་དངོས་པོ་དང་དངོས་པོ་མེད་པ་ལ་རྟོག་པ་དང་། ལྷག་པར་བྱེད་པ་དང་དབྲལ་བའི་ཕྱིར་ཡིད་ལ་བྱེད་པ་མེད་པ་དང་། སེམས་ཅན་བདག་མེད་པ་ལ་སྦྱོར་བས་བདག་ལ་བདག་མེད་པ་དང་། ཉོན་མོངས་པ་ཡོངས་སུ་བཏང་བ་དང་། སེམས་ཅན་ཡོངས་སུ་མ་བཏང་བས་བཏང་བ་དང་མ་བཏང་བ་དང་། ཐབས་དང་ཤེས་རབ་བསྒོམས་པས་མ་ཞི་ཞིང་ཞི་ལ་ཉེ་བར་ཞི་བ་དང་། ཉན་ཐོས་དང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh52.html?part=UT22084-040-003-338#UT22084-040-003-338