Degé Kangyur volume 40, F.84.a

བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​བློ་གྲོས་མཐའ་ཡས་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། ང་ནི་འཇིག་རྟེན་པའི་རྗེས་སུ་ཐེག་པ་འདིར་ཡང་འདུས་བྱས་ཀྱི་བཀོད་པ་ཐམས་ཅད་རབ་ཏུ་སྟོན་པར་མཛད་དོ། །བློ་གྲོས་མཐའ་ཡས་འཁོར་ལོས་སྒྱུར་བའི་རྒྱལ་པོ་འམ། ལྷའི་དབང་པོ་བརྒྱ་བྱིན་ནམ། ཚངས་པའི་རྒྱལ་པོ་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་འདི་ལས་བྱུང་ངོ་། །​འབྱུང་ངོ་། །​འབྱུང་བར་འགྱུར་ཏེ། འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་། ཚངས་པའི་འབྱོར་པའི་ས་ལ་གནས་པར་བྱེད་ཀྱང་འཁོར་བའི་ཉོན་མོངས་པའི་སྐྱོན་རྣམས་ཀྱིས་གོས་པར་མི་འགྱུར་བས་འདོད་པ་རྣམས་ཀྱི་ཉེས་དམིགས་རེ་རེ་ནས་འཇལ་བར་བྱེད་ཅིང་གཞལ་ནས་ཀྱང་ཡོངས་སུ་སྐྱོ་བར་གྱུར་པས་ངེས་པར་འབྱུང་བའི་ལམ་རབ་ཏུ་རྟོགས་པར་འགྱུར་རོ། །​བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐེག་པ་འདི་ལ་ཞོན་པར་བྱེད་པ་གང་ཡིན་པ་དེ་དག་ནི་འཁོར་བ་ལེན་པར་བྱེད་ཀྱང་གནས་ཐམས་ཅད་དུ་སྐྱོན་གྱིས་གོས་པར་མི་འགྱུར་ཞིང་ཉེས་དམིགས་ཀྱང་མཐོང་ལ་ངེས་པར་འབྱུང་བ་ཡང་རབ་ཏུ་ཤེས་པས་ངས་འདིར་མ་བསྟན་པའི་ཆོས་རྣམས་དང་། བཀོད་པ་གང་ཡིན་པ་དེ་དག་ཀྱང་ཐེག་པ་འདིའི་མཚན་ཉིད་ཀྱི་དབང་གིས་ཆོས་དེ་དག་དང་། བཀོད་པ་དེ་དག་ཀྱང་རབ་ཏུ་རྟོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་འགྱུར་རོ། །​དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཐེག་ཆེན་བླ་ན་མེད་པའི་ཐེག །​ཐེག་པ་འདི་ནི་བསམ་མི་ཁྱབ། །​གང་ཞིག་ཐེག་པ་འདི་ཞོན་པ། །​དེ་དག་ངེས་པར་འབྱུང་བར་འགྱུར། །​བརྟེན་པའི་གནས་ཆེན་ཡིན་པས་ན། །​ཐེག་པ་འདི་ནི་བསམ་མི་ཁྱབ། །​མཐའ་ནི་དཔག་མེད་ཚད་མེད་པས། །​དེ་ཕྱིར་ཐེག་ཆེན་ཞེས་བྱའོ། །​སེམས་ཅན་དག་ནི་ཐམས་ཅད་ཀྱིས། །​ཐེག་པ་འདི་ལ་གཞོལ་བྱེད་ཀྱང་། །​ཐེག་པ་འདི་ལ་འགྲིབ་པ་མེད། །​འཕེལ་བར་ཡང་ནི་མི་འགྱུར་རོ། །​སེམས་ཅན་དག་ནི་ཐམས་ཅད་ལས། །​གང་ཞིག་ཐེག་པ་འདི་ཞོན་པ། །​བདེ་བར་གཞོལ་བ་འགྱུར་བས་ན། །​དེ་ན་སྡུག་བསྔལ་ཅི་ཡང་མེད། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh51.html?part=UT22084-040-002-924#UT22084-040-002-924