།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་འཕགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་འཕགས་པ་ཁྱོད་ཀྱིས་མ་འོངས་པའི་དུས་ཐ་མ་ལ་ཡང་དག་པའི་ཆོས་བསྲུང་ཞིང་ཡོངས་སུ་གཟུང་བའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་ནི་ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་རྒྱལ་བ་རྣམས་ལ་མཆོད་པ་དང་། རིམ་གྲོ་བྱས་ནས་དགེ་བའི་རྩ་བ་རྣམས་བསྐྱེད་དེ། ཡུན་རིང་པོར་ཚངས་པར་སྤྱོད་པ་ཡང་དག་པར་སྤྱད་ནས་གོ་ཆ་ཆེན་པོ་བགོས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྲུང་ཞིང་ཡོངས་སུ་གཟུང་བར་འགྱུར་བ་དག་དང་བྱེ་བྲག་ཏུ་གྱུར་པ་ཅི་ཡང་མེད་པས་ལེགས་སོ་ལེགས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། །མ་འོངས་འཇིག་པའི་དུས་ཀྱི་ཚེ། །ཁྱེད་ཀྱིས་ཆོས་འདི་རབ་བཟུང་སྟེ། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ཆོས་འདི་རྣམ་པར་དབྱེ་བར་བྱ། །མ་འོངས་ཐ་མ་དུས་ཀྱི་ཚེ། །ཁྱེད་ཀྱིས་རྒྱལ་བའི་ཆོས་ཟུང་ཤིག །གལ་ཏེ་ཆོས་འདི་ཐོས་གྱུར་ན། །རབ་ཏུ་དགའ་བ་སྐྱེད་པར་འགྱུར། །མ་འོངས་ཐ་མ་དུས་ཀྱི་ཚེ། །ཁྱོད་ནི་ཆོས་འཛིན་པར་འགྱུར་བས། །ངས་ནི་ཆོས་ཟབ་བཤད་པར་བྱ། །ཁྱེད་ཀྱིས་དེ་བཞིན་གཟུང་བར་གྱིས། །གསང་སྟེ་གསུངས་པའི་མདོ་སྡེ་དག །ཁྱོད་ཐོས་གྱུར་ན་ཡིད་ལ་ཟུང་། །དོན་གྱི་ཚུལ་ནི་འདི་དག་ལ། །ཐེ་ཚོམ་དག་ནི་མེད་པར་གྱིས། །རྣམ་པར་ངེས་པའི་དོན་ཟབ་དག །ཁྱོད་ཐོས་གྱུར་ན་ཡིད་ལ་ཟུང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ཆོས་ཀྱི་གཏེར་ནི་རབ་ཟུང་ཤིག །ཆོས་ཀྱི་སྦྱིན་པ་ཡོངས་བཏང་ནས། །སེམས་ཅན་རྣམས་ནི་ཚིམ་པར་གྱིས། །ཐོས་པར་གྱུར་ན་ལུས་དང་སེམས། །ཀུན་དུ་ཁྱབ་པར་དགའ་བར་འགྱུར། །བྱང་ཆུབ་སེམས་དཔའི་ལམ་རྣམས་དང་། །སྤྱོད་པ་རྣམས་ཀྱི་ཚུལ་དག་དང་། །དེ་དག་གི་ནི་མདོ་སྡེ་རྣམས། །མཐར་ཕྱིན་ཡོངས་སུ་འཛིན་པའི་ཕྱིར། །ཁྱེད་ཀྱིས་སེམས་ཅན་ཚད་མེད་རྣམས། །རྒྱ་ཆེར་རབ་ཏུ་སྒྲོལ་བར་འགྱུར། །འཇིག་རྟེན་དག་ནི་ཐམས་ཅད་དུ། །ཡོངས་སུ་མི་ཟློགས་གང་ཡང་མེད། །ཁྱེད་ཀྱིས་ཆོས་འདི་གཟུང་བའི་ཕྱིར། །འཇིག་རྟེན་རྣམས་ལ་ཕན་འདོགས་པས། །བསོད་ནམས་ཕུང་པོ་མཆོག་ཐོབ་འགྱུར།