Degé Kangyur volume 39, F.135.a

བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ། །​ཞི་བའི་བློ་གྲོས་མོས་པ་ཇི་ལྟ་བ་དང་། ཡོངས་སུ་སྨིན་པ་ཇི་ལྟ་བ་དང་། བསམ་པ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་འབྱུང་བར་ཤེས་ཀྱང་ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པ་ནི་རྣམ་པར་རྟོག་པ་མི་མངའ་སྟེ་བཏང་སྙོམས་པའོ། །​ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་རོལ་མོ་སིལ་སྙན་གྱི་འཁྲུལ་འཁོར་དེ་ཙམ་དུ་ལེགས་པར་སྦྱར་བ་བྱས་པ་གང་དག་ལ་ལག་གིས་མ་རེག་པར་རླུང་གིས་བསྐྱོད་པས་སྒྲ་སྙན་པ་འབྱུང་བ་དག་ཀྱང་ཡོད་དོ། །​འོན་ཀྱང་དེ་ལ་སྒྲ་འབྱིན་པར་སྤྲོ་བ་ནི་གང་ཡང་མེད་མོད་ཀྱི་ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་གྱིས་སྒྲ་སྙན་པ་ཡང་འབྱུང་ངོ་། །​ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་སེམས་ཅན་གྱི་བསམ་པའི་ཤེས་པས་བསྐྱོད་ན་འབྱུང་སྟེ། འོན་ཀྱང་དེ་ལ་དེ་བཞིན་གཤེགས་པའི་གསུང་འབྱིན་པར་སྤྲོ་བ་ཡང་མི་མངའ་མོད་ཀྱི་སྔོན་ཡོངས་སུ་སྦྱང་བ་མཛད་པའི་ཁྱད་པར་གྱིས་དེ་བཞིན་གཤེགས་པའི་གསུང་སེམས་ཅན་ཐམས་ཅད་ཀྱི་ཡུལ་གྱི་རྗེས་སུ་འཇུག་པར་ཡང་འགྱུར་རོ། །​ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་བྲག་ཆའི་སྒྲ་ནི་གཞན་རྣམ་པར་རིག་པར་བྱེད་པར་ཡང་འབྱུང་ལ་དེ་ནི་ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན། གཉི་ག་མེད་པ་ལས་ཀྱང་མི་དམིགས་སོ། །​ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་སེམས་ཅན་གྱི་བསམ་པ་རྣམ་པར་རིག་པར་བྱེད་པར་ཡང་འབྱུང་ལ་དེ་ནི་ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན་ལ་གཉི་ག་མེད་པར་ཡང་མི་དམིགས་སོ། །​ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསམ་པ་ཐམས་ཅད་ཡོངས་སུ་སྐོང་བ་ཞེས་བྱ་བ་ཡོད་དེ། དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན་སེམས་ཅན་གང་གི་བསམ་པ་ཅི་འདྲ་བར་གྱུར་པ་དེ་འདྲ་བའི་སྒྲ་དེ་ལས་འབྱུང་ཡང་ནོར་བུ་རིན་པོ་ཆེ་དེ་ནི་རྣམ་པར་མི་རྟོག་གོ །​ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་རིན་པོ་ཆེ་ལྷག་པའི་བསམ་པས་ཡོངས་སུ་དག་པ་ཡང་སྙིང་རྗེ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན་སེམས་ཅན་གང་གི་བསམ་པ་ཅི་འདྲ་བར་གྱུར་པ་དེ་འདྲ་བར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh47.html?part=UT22084-039-003-1923#UT22084-039-003-1923