Degé Kangyur volume 39, F.115.b

གང་ལ་རྩོད་པ་མེད་པ་དེ་ལ་འགྱེད་པ་མེད་དོ། །​གང་ལ་འགྱེད་པ་མེད་པ་དེ་ནི་མི་རྩོད་པ་སྟེ་དགེ་སྦྱོང་གི་ཆོས་དང་ལྡན་པ་ཞེས་བྱའོ། །​གང་དགེ་སྦྱོང་གི་ཆོས་དང་ལྡན་པ་དེ་ནམ་མཁའ་དང་ལག་མཐིལ་དུ་མཉམ་པའོ། །​གང་ནམ་མཁའ་དང་ལག་མཐིལ་དུ་མཉམ་པ་དེ་ནི་འདོད་པའི་ཁམས་སུ་མི་གཏོགས། གཟུགས་ཀྱི་ཁམས་སུ་མི་གཏོགས། གཟུགས་མེད་པའི་ཁམས་སུ་མི་གཏོགས་སོ། །​གང་ཐམས་ཅད་དུ་གཏོགས་པ་མ་ཡིན་པ་དེ་ལ་ནི་ཁ་དོག་མེད། རྟགས་མེད། དབྱིབས་མེད་དོ། །​གང་ལ་ཁ་དོག་མེད། རྟགས་མེད། དབྱིབས་མེད་པ་དེ་ནི་དེ་འདྲ་བ་ཉིད་རྗེས་སུ་རྟོགས་སོ། །​དེ་ཅི་འདྲ་བ་རྗེས་སུ་རྟོགས་པ་དེ་འདྲ་བ་ཉིད་རབ་ཏུ་རྟོགས་སོ། །​ཅིའི་ཕྱིར་རྗེས་སུ་རྟོགས་པ་དང་། རབ་ཏུ་རྟོགས་པ་ཞེས་བྱ་ཞེན། དེ་ལ་རྗེས་སུ་རྟོགས་པར་བྱ་བ་འམ། རབ་ཏུ་རྟོགས་པར་བྱ་བའི་ཆོས་ཕྲ་རབ་ཙམ་ཡང་མི་དམིགས་པས་དེའི་ཕྱིར་རྗེས་སུ་རྟོགས་པ་དང་། རབ་ཏུ་རྟོགས་པ་ཞེས་བྱ་སྟེ། ཞི་བའི་བློ་གྲོས་འདི་ཡང་བྱང་ཆུབ་སེམས་དཔའི་སེམས་ཀྱི་གསང་བའོ། །​ཞི་བའི་བློ་གྲོས་གཞན་ཡང་བྱང་ཆུབ་སེམས་དཔའི་སེམས་ཀྱི་གསང་བ་ནི་གང་བྱམས་པ་ཡང་ཡིན་ལ། བདག་མེད་པ་ཉིད་ཀྱང་ཡིན། སྙིང་རྗེ་ཡང་ཡིན་ལ། སེམས་ཅན་མེད་པ་ཉིད་ཀྱང་ཡིན། དགའ་བ་ཡང་ཡིན་ལ། སྲོག་མེད་པ་ཉིད་ཀྱང་ཡིན། བཏང་སྙོམས་ཀྱང་ཡིན་ལ། གང་ཟག་མེད་པ་ཉིད་ཀྱང་ཡིན། སྦྱིན་པ་ཡང་ཡིན་ལ། སེམས་དུལ་བ་ཉིད་ཀྱང་ཡིན། ཚུལ་ཁྲིམས་ཀྱང་ཡིན་ལ། སེམས་ཞི་བ་ཉིད་ཀྱང་ཡིན། བཟོད་པ་ཡང་ཡིན་ལ། སེམས་མི་ཟད་པ་ཉིད་ཀྱང་ཡིན། བརྩོན་འགྲུས་ཀྱང་ཡིན་ལ། སེམས་དབེན་པ་ཉིད་ཀྱང་ཡིན། བསམ་གཏན་ཡང་ཡིན་ལ། སེམས་ངེས་པར་སེམས་པ་ཉིད་ཀྱང་ཡིན། ཤེས་རབ་ཀྱང་ཡིན་ལ། རྒྱུ་བ་མེད་པའི་སེམས་ཉིད་ཀྱང་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཡིན་ལ། དྲན་པ་ཡིད་ལ་བྱེད་པ་མེད་པའི་སེམས་ཉིད་ཀྱང་ཡིན། ཡང་དག་པར་སྤོང་བ་རྣམས་ཀྱང་ཡིན་ལ། ཡང་དག་པར་སེམས་མཉམ་པ་ཉིད་ཀྱང་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཡིན་ལ། སྤྲོས་པ་མེད་པའི་སེམས་ཉིད་ཀྱང་ཡིན། དད་པ་ཡང་ཡིན་ལ། ཆགས་པ་མེད་པའི་སེམས་ཉིད་ཀྱང་ཡིན།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh47.html?part=UT22084-039-003-1884#UT22084-039-003-1884