Degé Kangyur volume 39, F.190.b

ཤུགས་ཆེན་པོ་དང་ལྡན་པ་ལགས་ཏེ་ངོ་མཚར་ཏོ། །​བཅོམ་ལྡན་འདས་ཇི་ལགས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་སྟོབས་དེ་ཕ་མ་ལས་གྱུར་པ་ལགས་སམ། འོན་ཏེ་རྫུ་འཕྲུལ་གྱི་སྟོབས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཕ་མ་ལས་གྱུར་པའི་སྟོབས་དེ་ནི་གང་ཅི་ཡང་རུང་སྟེ་འཇུག་པ་ཙམ་དུ་མིང་བསྟན་པར་ཟད་དོ། །​གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་སྟོབས་དེ་མ་ལུས་པར་བསྟན་ན་ལྷ་དང་བཅས་པའི་འཇིག་རྟེན་མྱོ་མྱོ་པོར་འགྱུར་རོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་གླང་པོ་ཆེའི་ལྟ་སྟངས་ཀྱིས་ཕྱོགས་ཐམས་ཅད་དུ་ཀུན་ཏུ་གཟིགས་ཏེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​གསང་བ་པའི་བདག་པོ་ཁྱོད་ཀྱིས་རྡོ་རྗེ་འདི་སའི་སྟེང་འདི་ནས་ཐེག་ཤིག །​དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཡོས་པར་བྱས་ནས་སའི་སྟེང་དེ་ནས་རྡོ་རྗེ་དེ་ལག་པ་གཡོན་པས་བླངས་ཏེ། སྟེང་གི་བར་སྣང་དུ་འཕངས་ནས་དེས་དེ་བར་སྣང་ལ་ལན་བདུན་བསྐོར་ཏེ། ལག་པ་གཡས་པར་གཞག་གོ། །​དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ཏེ་ཐལ་མོ་སྦྱར་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ཏེ། འདི་ལྟར་རྡོ་རྗེ་འདི་འཆང་བས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཇི་ཙམ་དུ་སྟོབས་ཀྱི་ཤུགས་དང་ལྡན་པ་ནི་ངོ་མཚར་ཏོ། །​བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱང་འདི་ལྟ་བུའི་སྟོབས་དང་ལྡན་པར་གྱུར་ཅིག་ཅེས་སྨྲས་སོ། །​དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་སྟོབས་འདི་ལྟ་བུ་འཐོབ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་སྟོབས་འདི་ལྟ་བུ་འཐོབ་སྟེ། བཅུ་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལ་བྱང་ཆུབ་སེམས་དཔའ་ལུས་དང་སྲོག་ནི་ཡོངས་སུ་གཏོང་གི་དམ་པའི་ཆོས་ནི་ཡོངས་སུ་མི་གཏོང་བ་དང་། སེམས་ཅན་ཐམས་ཅད་ལ་འདུད་ཅིང་ང་རྒྱལ་འཕེལ་བར་མི་བྱེད་པ་དང་། སེམས་ཅན་མཐུ་ཆུང་བ་རྣམས་ལ་བཟོད་ཅིང་ཁོང་ཁྲོ་བར་མི་བྱེད་པ་དང་། སེམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh47.html?part=UT22084-039-003-2033#UT22084-039-003-2033