Degé Kangyur volume 39, F.162.a

བསླང་བ་མ་ཡིན་པ། ཤེས་པར་བྱ་བ་མ་ཡིན་པའོ། །​བྱ་བ་མ་ཡིན་པ་དང་། རྣམ་པར་བསྒྲུབ་པ་མ་ཡིན་པ་དང་། བསླང་བ་མ་ཡིན་པ་དང་། ཤེས་པར་བྱ་བ་མ་ཡིན་པ་གང་ཡིན་པ་དེ་ནི་ཞི་བ་ཞེས་བྱའོ། །​གསོལ་པ། ཉེ་བར་ཞི་བ་དང་ལྡན་པ། ཉེ་བར་ཞི་བ་དང་ལྡན་པ་ཞེས་བགྱི་བ། གང་ཉེ་བར་ཞི་བས་ཉེ་བར་ཞི་བ་དང་ལྡན་པ་ཞེས་བགྱི། བཀའ་སྩལ་པ། དམིགས་པས་སེམས་འབར་བར་བྱེད་དེ། གང་ཕྱིས་དམིགས་པར་མི་བྱེད་པ་དེ་མི་འབར་རོ། །​མི་འབར་ན་ཉེ་བར་ཞི་བ་དང་ལྡན་པ་ཞེས་བྱའོ། །​ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་མེ་ནི་རྒྱུ་ལས་འབར་གྱི། རྒྱུ་མེད་ན་འཆི་བར་འགྱུར་རོ། །​དེ་བཞིན་དུ་དམིགས་པ་ལས་སེམས་འབར་གྱི། དམིགས་པ་མེད་ན་ཞི་བར་འགྱུར་རོ།​། །​།བམ་པོ་བདུན་པ། ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ནི་དམིགས་པ་ཞི་བ་ཉིད་དུ་ཡང་རབ་ཏུ་ཤེས་ལ། དགེ་བའི་རྩ་བ་ལ་དམིགས་པ་ཡང་ཞི་བར་མི་བྱེད་དོ། །​ཉོན་མོངས་པ་ལ་དམིགས་པ་ཡང་མི་སྐྱེད་ལ་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་ཡང་སྐྱེད་དོ། །​བདུད་དང་ཉེ་བའི་ཉོན་མོངས་པའི་དམིགས་པ་ཡང་སྤོང་ལ་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་ལ་དམིགས་པ་ཡང་མི་སྤོང་ངོ་། །​ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་འདོད་པ་ལ་དམིགས་པ་ཡང་མི་ལེན་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལ་དམིགས་པ་ཡང་མི་འདོར་རོ། །​སྟོང་པ་ཉིད་དུ་དམིགས་པ་ལ་ཡང་རབ་ཏུ་རྟོག་ལ་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོའི་དམིགས་པར་ཡང་བལྟའོ། །​ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ནི་དམིགས་པ་ལ་དབང་འཐོབ་སྟེ། མ་སྐྱེས་པའི་དམིགས་པ་ལ་ཡང་ངེས་པར་སེམས་ལ་བསམས་བཞིན་དུ་སྐྱེ་བའི་དམིགས་པ་ཡང་མི་སྤོང་ངོ་། །​མངོན་པར་འདུ་བྱ་བ་མེད་པའི་དམིགས་པ་ལ་ཡང་འཇུག་ལ་དགེ་བའི་རྩ་བ་མངོན་པར་འདུ་བྱ་བའི་དམིགས་པ་ཡང་ཉམས་འོག་ཏུ་ཆུད་པར་བྱེད་དོ། །​མཚན་མ་མེད་པའི་དམིགས་པ་ལ་ཡང་དཔྱོད་ལ་བྱང་ཆུབ་ཀྱི་སེམས་ཀྱི་དམིགས་པ་ཡང་ཆུད་མི་གཟོན་ཏོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh47.html?part=UT22084-039-003-1976#UT22084-039-003-1976