Degé Kangyur volume 38, F.263.b

ཚུལ་ཐམས་ཅད་ལས་ཡོངས་སུ་གྲུབ་པའི་སེམས་དང་ལྡན་པ། བསམ་གཏན་གྱི་ཡན་ལག་ཐ་མི་དད་པའི་ཡུལ་ཡོངས་སུ་འཛིན་པའི་དེ་བཞིན་གཤེགས་པའི་བསམ་གཏན་གྱི་དཀྱིལ་འཁོར་སྣང་བ་རབ་ཏུ་ཐོབ་པ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྒྱ་མཚོ་བསྐམ་པ་ལ་ཤིན་ཏུ་གདོན་མི་ཟ་བར་བྱས་པའི་ངེས་པར་རྟོག་པ་སྣ་ཚོགས་ལ་གནས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་རྣམ་པར་དབྱེ་བའི་ཚུལ་ལ་མཁས་པ། ཆོས་ཐམས་ཅད་ཀྱི་ཚུལ་རྒྱ་མཚོ་རྣམ་པར་དཔྱད་པའི་ཤེས་རབ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བས་མ་ངོམས་པ། དུས་གསུམ་གྱི་དེ་བཞིན་གཤེགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་རྣམ་པར་ལྟ་བའི་རྒྱུན་མི་གཅོད་པ། སངས་རྒྱས་ཐམས་ཅད་ལྟ་བའི་སྒོ་ལ་མངོན་དུ་གྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བསྒྲུབས་པའི་ལམ་ཡོངས་སུ་དག་པར་བྱ་བ་རྣམ་པ་ཐ་དད་པའི་ཚུལ་ལ་མཁས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ནམ་མཁའ་དང་མཉམ་པ་སེམས་ཅན་ཐམས་ཅད་ཡོངས་སུ་བསྡུ་བའི་ཐབས་ཀྱི་ཚུལ་ལ་མཁས་པ། འགྲོ་བ་མཐའ་དང་དབུས་མེད་པ། བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའི་སྣང་བ་རབ་ཏུ་ཐོབ་པ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྣམ་པར་དག་པ་རྣམ་པ་ཐ་དད་པ་ལ་ཞུགས་པ། ཞིང་རྒྱ་མཚོ་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་དང་ལྡན་པ། སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་གདུལ་བའི་བྱིན་གྱི་རླབས་མཐར་ཐུག་པར་བྱ་བའི་སྨོན་ལམ་ཡོངས་སུ་དག་པ། དེ་བཞིན་གཤེགས་པའི་ཡུལ་ཐམས་ཅད་མཆོད་པས་རྒྱས་པར་དགང་བའི་སེམས་དང་། ལྡན་པ། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཐམས་ཅད་ལ་བརྩོན་པས་བྱུང་བ། ཆོས་ཀྱི་སྐུ་བླ་ན་མེད་པ་ཡོངས་སུ་དག་པ་དང་ལྡན་པ། གཟུགས་ཀྱི་ལུས་མཐའ་ཡས་པ་ཡོངས་སུ་སྟོན་པ། བདུད་ཀྱི་དཔུང་ཐམས་ཅད་རབ་ཏུ་འཇོམས་པ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45.html?part=UT22084-037-007-8379#UT22084-037-007-8379