Degé Kangyur volume 38, F.231.b

བུའི་ཁྲི་འཕང་བདུན་ལས་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་ཀུན་ནས་དགྲིགས་པ། རིན་པོ་ཆེ་སྣ་བདུན་གྱི་ཤིང་གི་ནགས་ཚལ་གྱི་ཕྲེང་བ་དགྲིགས་པས་ཀུན་ནས་བསྐོར་བ་སྟེ། སྟེང་ནས་གསེར་གྱི་དྲ་བ་བྲེས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་ཕྱེ་བའི་མིག་མངས་རིས་མཛེས་པར་རྣམ་པར་བྲེས་པས་སའི་གཞི་ཤིན་ཏུ་སྤ་བར་གྱུར་བ། དངོས་གྲུབ་ཅན་གྱི་ཚོགས་རྣམ་པར་རྒྱུ་བ། བྱ་བཙུན་པའི་ཁྱུས་སྒྲ་སྐད་ཡིད་དུ་འོང་བའི་དབྱངས་སྙན་པ་ཕྱུང་བ། བཟའ་ཤིང་གི་ར་བ་བྱེ་བ་བརྒྱ་ཕྲག་སྟོང་གིས་མཛེས་པར་བྱས་པ་ཤིན་ཏུ་སྐྱིད་ཅིང་ཕུན་སུམ་ཚོགས་པར་གནས་པ་སྐྱེས་པ་དང་། བུད་མྱེད་བརྒྱ་སྟོང་རབ་ཏུ་དགའ་བས་གང་བ། སེར་བུ་བདེ་ཞིང་ཡིད་དུ་འོང་བས་བསྐྱེད་དེ། མེ་ཏོག་གི་ཆར་མང་པོ་རྒྱུན་མི་འཆད་པར་རབ་ཏུ་འགྲུལ་བ། སའི་བདག་པོ་དམ་པ་བརྒྱ་ཕྲག་སྟོང་གི་གནས་སུ་གྱུར་པ་དག་སྟེ། གྲོང་རྡལ་ཆེན་པོ་དེ་དག་གི་རིན་པོ་ཆེའི་ཤིང་ཐམས་ཅད་དང་། གསེར་གྱི་དྲ་བའི་རྒྱན་ལ་སྩོགས་པ་རླུང་གིས་བསྐྱོད་དེ། རོལ་མོ་མང་པོའི་སྒྲ་དང་མཉམ་པའི་སྒྲ་སྐད་བྱུང་བ་དག་ལས་ཡིད་དུ་འོང་བའི་ཚིག་འདི་སྐད་དག་འབྱུང་ངོ་། །​གསོལ་ཅིག་མནོབས་ཤིག་ཆོས་ལ་སྤྱོད་ཅིག །​བྱང་ཆུབ་ཏུ་སེམས་སྐྱེད་ཅིག །​ཕྱིར་མྱི་ལྡོག་པའི་ས་ལ་མངའ་ཐོབ་པར་མཛོད་ཅིག །​ཁྱེད་རྣམས་བདེ་བར་གྱུར་ཅིག་ཅེས་ཟེར་རོ། །​རྒྱལ་པོའི་གནས་སྡོང་པོ་རི་བོའི་དཔལ་དེར་ཁམས་ཀྱི་རྒྱལ་པོ་ནོར་གྱི་བདག་པོ་ཞེས་བྱ་བ་བྱུང་སྟེ། དེ་ལ་བཙུན་མོའི་འཁོར་བུད་མེད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་དོ། །​བློན་པོ་བརྒྱ་ཕྲག་ལྔ་ཡོད་པར་གྱུར་ཏེ། རྒྱལ་པོ་ནོར་གྱི་བདག་པོ་དེ་ལ་བུ་ལྔ་བརྒྱ་ཡོད་པ་དེ་ཐམས་ཅད་ཀྱང་། དཔའ་བོ་རྟུལ་ཕོད་པ་ཡན་ལག་དམ་པའི་གཟུགས་དང་ལྡན་པ། གཞན་གྱི་སྡེ་རབ་ཏུ་འཇོམས་པ་ཤིན་ཏུ་མཛེས་པ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45.html?part=UT22084-037-007-8315#UT22084-037-007-8315