Degé Kangyur volume 38, F.215.a

ཁོང་དུ་ཆུད་པར་བྱེད་ཀྱང་། རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་ཀྱི་རྡུལ་རེ་རེ་ལ་ཞིང་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཐའ་རྙེད་པར་མ་རུང་ངོ་། །​ཞིང་ཐམས་ཅད་ཀྱི་ཞིང་རེ་རེར་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡང་མུ་རྙེད་པར་མ་རུང་ངོ་། །​ཇི་ལྟར་ཁོ་མོ་འཇིག་རྟེན་གྱི་ཁམས་འདིའི་བྱང་ཆུབ་སེམས་དཔའ་སྐྱེ་བ་རྣམ་པར་འཕྲུལ་པ་ཐམས་ཅད་ལ་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་པ། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་དང་དབུས་མེད་པ་དང་། རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་ལའང་སེམས་ཀྱི་སྐད་ཅིག་རེ་རེའི་སེམས་ཀྱི་ཁོང་དུ་ཆུད་པར་བྱ་བ་རེ་རེ་ལ། བྱིན་གྱི་རླབས་རྒྱུན་མི་ཆད་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་བ་ཐམས་ཅད་ལ་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་དོ། །དེ་སྐད་ཅེས་སྨྲས་པ་དང་། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །​འཕགས་མ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་བ་བསྐལ་པ་ཚད་མྱེད་པར་དམིགས་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྐྱེ་བ་རྣམ་པར་འཕྲུལ་པ་ཡོངས་སུ་སྟོན་པ་འདི་རྙེད་ནས་ཡུན་ཇི་སྲིད་ཅིག་ལགས། སྨྲས་པ། རིགས་ཀྱི་བུ་སྔོན་འདས་པའི་དུས་བསྐལ་པ་སངས་རྒྱས་ཀྱི་ཞིང་བྱེ་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་དེའི་ཡང་ཕ་སྔ་ཞིག་ཏུ་འཇིག་རྟེན་གྱི་ཁམས་ཀུན་ནས་རིན་པོ་ཆེ་ཞེས་བྱ་བར་བསྐལ་པ་མཉམ་པར་གཞག་པ་ཞེས་བྱ་བ་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་བྱུང་བ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་ཕྱུག་གི་ཡོན་ཏན་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱ་བ་མཁྱེན་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45.html?part=UT22084-037-007-8282#UT22084-037-007-8282