Degé Kangyur volume 38, F.207.b

བ་རྣམ་པར་དམྱིགས་པར་བྱེད་པའོ། །​ཚད་མེད་པར་རྣམ་པར་སྤྱོད་པ་ལ་བསྒྲིབས་པ་མེད་པར་རྟོགས་པས་ཁོང་དུ་ཆུད་པ་རྣམས་ཆོས་ཡིད་དུ་འོང་བའི་རྒྱན་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་བསམ་པ་དང་། མོས་པ་གང་དང་ལྡན་པའི་ཚུལ་བཞིན་དུ་སེམས་ཅན་རྣམས་ལ་ཡོངས་སུ་སྟོན་པའོ། །​སངས་རྒྱས་ཀྱིས་ཚད་མེད་པའི་རྗེས་སུ་སོང་བ་རྣམས་འཇིག་རྟེན་ཐམས་ཅད་ཡོངས་སུ་བསྒྲུབ་པའི་དོན་དུ་ཆོས་ཀྱི་མཛོད་མཐའ་དང་དབུས་མེད་པ་རབ་ཏུ་སྟོན་པའོ། །​དེ་ནས་ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་གྱིས། དེའི་ཚེ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དོན་འདི་ཉིད་གསལ་བར་བརྗོད་པའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་དེ་སྨྲས་པ། ལྷག་པའི་བསམ་པ་དྲི་མེད་རྙོག་པ་མེད་པ་ཡིས། །​གང་རྣམས་རྒྱལ་བ་བལྟ་བས་ནམ་ཡང་མི་ངོམས་ཤིང་། །​རྒྱལ་བ་ཀུན་གྱི་ཕྱི་མའི་མཐའ་ཡི་རྒྱན་སྤྲིན་ལ། །​སྨོན་པའི་མཁས་པ་དེ་དག་སྐྱེ་བའི་ཐོག་མ་གནས། །​དུས་གསུམ་བྱུང་བའི་འཇིག་རྟེན་མ་ལུས་ཀུན་བཀང་སྟེ། །​ཞིང་དང་སེམས་ཅན་དེ་བཞིན་ཆོས་དང་སངས་རྒྱས་རྣམས། །​སེམས་ཅན་དགྲོལ་ཕྱིར་སྨོན་ལམ་འདེབས་པས་བརྒྱན་པའི་སེམས། །​དེ་ནི་བསམ་གྱིས་མྱི་ཁྱབ་རྣམས་ཀྱི་སྐྱེ་བ་གཉིས། །​གང་རྣམས་ཆོས་ཀྱི་སྤྲིན་འཐུང་ནམ་ཡང་མི་ངོམས་ཤིང་། །​ངེས་པར་རྟོགས་པའི་ཡིད་ཀྱིས་དུས་གསུམ་ཆགས་མེད་ལུས། །​མཁའ་དབྱིངས་དྲི་མེད་མཉམ་མེད་སེམས་ཀྱི་ལུས་ལྡན་པ། །​མཚུངས་པ་མེད་པ་དེ་ནི་དེ་དག་སྐྱེ་བ་གསུམ། །​ལྷག་པའི་བསམ་པ་རི་རབ་རྡོ་རྗེ་མཚུངས་བསྟན་པས། །​ཐམས་ཅད་མཁྱེན་ཚུལ་རྒྱ་མཚོར་རྣམ་པར་འཇུག་བྱེད་ཅིང་། །​གང་རྣམས་སྙིང་རྗེ་ཆེན་པོའི་གང་ཆེན་མཚོར་འཇུག་པ། །​དེ་ནི་སྐྱེས་བུ་ཁྱུ་མཆོག་རྣམས་ཀྱི་སྐྱེ་བ་བཞི། །​གང་རྣམས་བྱམས་པས་ཕྱོགས་བཅུ་རྒྱས་པར་ཡོངས་བཀང་ཞིང་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45.html?part=UT22084-037-007-8267#UT22084-037-007-8267