Degé Kangyur volume 38, F.196.b

བྱང་ཆུབ་སེམས་དཔའི་རྣམ་པར་ཐར་བ་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བས་བསམ་པ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་ལ་ཡང་དག་པར་བསྐུལ་བ་འདི་ཡང་སྒོམ་ཞིང་ཤིན་ཏུ་རྒྱས་པར་བྱེད་པ་དག་གོ །​རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་རྒྱལ་བའི་འོད་ཅེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ནི། དེ་ལྟར་མྱི་བལྟ་སྟེ། སྨྲ་བ་ཆེན་པོ་བདེན་པ་ཅན་ནི་དེའི་ཚེ་དེའི་དུས་ན་རྒྱལ་པོ་རྒྱལ་བའི་འོད་ཅེས་བྱ་བར་གྱུར་ཏོ། །​རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོའི་འཁོར་དུ་གྱུར་པ་བཙུན་མོའི་འཁོར་དང་། བཙུན་མོའི་གནས་ཀྱི་སྒོ་བའམ། འཁོར་ན་གནས་པའམ། རྗེས་སུ་འཆའ་བ་དེ་དག་ཀྱང་གཞན་དག་ཅིག་ཡིན་པ་ཙམ་དུ་སེམས་ན་ནི་དེ་ལྟར་མྱི་བལྟ་སྟེ། ཞགས་པ་འཐུབ་པ་སྟོང་ཕྲག་དྲུག་ཅུ་པོ་སྨྲ་བ་ཆེན་པོ་བདེན་པ་ཅན་གྱིས་སྨྲ་བའི་རྒྱལ་མཚན་ཡོངས་སུ་གཟུང་བའི་དོན་དུ་བཅོམ་ལྡན་འདས་ལ་རྒོལ་དུ་འགྲོ་བའི་ཚེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བླགས་ནས་ཀུན་ཀྱང་ཞིང་སྣ་ཚོགས་ཀྱི་རྒྱན་དང་། བསྐལ་བ་སྣ་ཚོགས་དང་། མྱིང་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དག་གོ །​རིགས་ཀྱི་བུ་རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བ་དེ་ཕ་དང་མས་གནང་ནས། སེམས་ཅན་བཙོན་ར་བ་དེ་དག་ཡོངས་སུ་བཀྲོལ་བའི་འོག་ཏུ་སྲིད་ཤིན་ཏུ་བདེ་བ་དང་། ནོར་དང་དབྱིག་རིན་པོ་ཆེ་ཕུན་སུམ་ཚོགས་པ་དག་ཀྱང་བོར། བུ་དང་ཆུང་མ་དག་ཀྱང་སྤངས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོའི་སྒྲ་ནམ་མཁའི་སྤྲིན་གྱི་སྒྲོན་མའི་རྒྱལ་པོའི་ཞམ་རིང་དུ་རབ་ཏུ་བྱུང་ངོ་། །​རབ་ཏུ་བྱུང་ནས་ཀྱང་ལོ་སྟོང་ཕྲག་ལྔར་ཚངས་པར་སྤྱོད་པ་སྤྱད་དེ། དེའི་བར་སྐབས་སུ་ཏིང་ངེ་འཛིན་གྱི་སྒོ་སྟོང་ཕྲག་བཅུ་ཡོངས་སུ་བསྒྲུབས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45.html?part=UT22084-037-007-8245#UT22084-037-007-8245