Degé Kangyur volume 38, F.158.b

ཁྱོད་ནི་འཁོར་འདིར་བྱོན་ཅིང་རྣམ་པར་མཛེས། །​ཆོས་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་ཐུགས་ཆུད་དེ། །​དུས་གསུམ་ཀུན་གྱི་ཚུལ་ཡང་ཆགས་མེད་ཐུགས་ཆུད་མཛད། །​ཐུགས་ཀྱི་སྐད་ཅིག་གཅིག་ལ་ཚད་མེད་བསམ་ཡས་པའི། །​དམིགས་པ་ཐམས་ཅད་རྟོག་པ་མི་མངར་འཇལ་བ་མཛད། །​ཡེ་ཤེས་སྤྱན་མངའ་ཆོས་ཉིད་སེམས་ཅན་མེད་གཟིགས་ཀྱང་། །​སེམས་ཅན་རྒྱ་མཚོ་མཐའ་ཡས་ཐུགས་རྗེས་གཟིགས་པ་མཛད། །​ཐུགས་ཀྱི་རྣམ་ཐར་ཤིན་ཏུ་ཡངས་ལ་འཇུག་མཛད་ཅིང་། །​སེམས་ཅན་ཚད་མེད་འདུལ་ཞིང་ཡོངས་སུ་སྨིན་པར་མཛད། །​ཁྱོད་ནི་ཆོས་ཀྱི་དཀྱིལ་འཁོར་རྣམ་དཔྱད་ཚུལ་མཁྱེན་ཏེ། །​ཆོས་ཀྱི་རང་བཞིན་ཤེས་བྱའི་ཚུལ་ལ་རྣམ་སངས་རྒྱས། །​འཕགས་ལམ་དྲི་མ་མེད་པ་ཐམས་ཅད་ཡོངས་བསྒོམ་སྟེ། །​འགྲོ་བ་མ་ལུས་རྣམ་པར་སྦྱོང་ཞིང་ཡོངས་སུ་འབྱུང་། །​ཐམས་ཅད་མཁྱེན་པའི་ཡེ་ཤེས་དྲི་མེད་རྟོགས་མཛད་པས། །​ཁྱོད་ནི་སེམས་ཅན་རྒྱ་མཚོའི་མཆོག་ལས་མངོན་པར་སྐྱེས། །​ད་ནི་ཆོས་དབྱིངས་ཁོངས་ཆུད་སེམས་ཅན་ཀུན་ཁྱབ་པར། །​ཆོས་རབ་བསྟན་ཅིང་འཇིག་རྟེན་འཇིགས་པ་ཞི་བར་མཛད། །​ཁྱོད་ནི་རྣམ་པར་སྣང་མཛད་སྨོན་ལམ་ལམ་ཚུལ་གྱིས། །​ཡང་དག་བཞུད་ཅིང་ཆགས་མེད་བློ་ཡང་དྲི་མེད་ལྡན། །​ཐམས་ཅད་བགྲོད་པའི་རྒྱལ་བའི་སྟབས་ནི་ཐུགས་ཆུད་ཅིང་། །​ཞིང་རྣམས་ཀུན་གྱི་རྒྱལ་བ་རྣམ་པར་འཕྲུལ་བ་གཟིགས། །​ཁྱོད་ཀྱི་ཐུགས་ནི་མཁའ་འདྲ་ཐུབ་པར་དཀའ་བ་སྟེ། །ཉོན་མོངས་ཀུན་གྱི་དྲི་མས་མ་གོས་སྔ་ནས་དག །​དེར་ནི་དུས་གསུམ་བྱུང་བའི་ཞིང་རྣམས་ཐམས་ཅད་དང་། །​སངས་རྒྱས་སྲས་དང་བཅས་པ་སེམས་ཅན་ཀུན་བཅས་འདུས། །​སྐད་ཅིག་གཅིག་གིས་ཉིན་མཚན་ཡུད་དུ་ཟླ་བ་དང་། །​སྐད་ཅིག་ཡུད་ཙམ་ལོ་དང་འདུ་འཇིག་བསྐལ་པ་དང་། བསྐལ་པ་རྒྱ་མཚོ་མིང་གྲངས་རྒྱ་མཚོར་བཅས་པ་དང་། །​འགྲོ་བ་རྣམས་ཀྱི་འདུ་ཤེས་རྒྱ་མཚོའང་ཐུགས་སུ་ཆུད། །​ཕྱོགས་རྣམས་ཀུན་གྱི་སེམས་ཅན་སྐྱེ་འཆི་ཇི་སྙེད་དང་། །​གཟུགས་ཡོད་པ་དང་གཟུགས་མེད་འདུ་ཤེས་ཡོད་མེད་ཀྱི། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45.html?part=UT22084-037-007-8169#UT22084-037-007-8169