Degé Kangyur volume 38, F.140.b

རླུང་གི་དཀྱིལ་འཁོར་ལྟ་བུའོ། །​རྣམ་པར་ཐར་པ་འདི་ནི་དུས་གསུམ་དུ་འབྱུང་བའི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱི་གོ་འབྱེད་པས་ནམ་མཁའ་ལྟ་བུའོ། །​རྣམ་པར་ཐར་པ་འདི་ནི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྤྲིན་གྱི་ཆར་མངོན་དུ་འབེབས་པས་སྤྲིན་ཆེན་པོ་ལྟ་བུའོ། །​རྣམ་པར་ཐར་པ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་ནག་རྣམ་པར་སེལ་བས་ཉི་མ་ལྟ་བུའོ། །​རྣམ་པར་ཐར་པ་འདི་ནི་བསོད་ནམས་དང་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོས་ཤིན་ཏུ་བསྒྲུབ་པའི་ཕྱིར་ཟླ་བ་ལྟ་བུའོ། །​རྣམ་པར་ཐར་པ་འདི་ནི་ཐམས་ཅད་དུ་སོང་བའི་ཕྱིར་དེ་བཞིན་ཉིད་ལྟ་བུའོ། །​རྣམ་པར་ཐར་པ་འདི་ནི་ལས་ཀྱི་ཆོས་ཀྱིས་ཤིན་ཏུ་སྤྲུལ་པའི་ཕྱིར་རང་གི་གྲིབ་མ་ལྟ་བུའོ། །​རྣམ་པར་ཐར་པ་འདི་ནི་སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྒྲ་རབ་ཏུ་སྒྲོགས་པས་བྲག་ཆ་ལྟ་བུའོ། །​རྣམ་པར་ཐར་པ་འདི་ནི་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་རྣམ་པར་དམིགས་པར་བྱེད་པའི་ཕྱིར་གཟུགས་བརྙན་ལྟ་བུའོ། །​རྣམ་པར་ཐར་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་མེ་ཏོག་ཤིན་ཏུ་རྒྱས་པའི་ཕྱིར་ཤིང་གི་རྒྱལ་པོ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་མི་ཤིག་པའི་ཆོས་ཅན་ཡིན་པས་རྡོ་རྗེ་ལྟ་བུའོ། །​རྣམ་པར་ཐར་པ་འདི་ནི་རྣམ་པར་འཕྲུལ་པ་མཐའ་དང་དབུས་མེད་པ་རྒྱ་མཚོ་མངོན་པར་བསྒྲུབ་པས། ནོར་བུ་ཡིད་བཞིན་རིན་པོ་ཆེའི་རྒྱལ་པོ་ལྟ་བུའོ། །​རྣམ་པར་ཐར་པ་འདི་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་རྣམ་པར་དམིགས་པར་བྱ་བ་ལ་སྒྲིབ་པ་མེད་པས་རིན་པོ་ཆེའི་རྒྱལ་པོ་དྲི་མ་མེད་པའི་སྙིང་པོ་ལྟ་བུའོ། །​རྣམ་པར་ཐར་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་མཉམ་པོ་ཉིད་དུ་སྒྲོག་པས་ནོར་བུ་རིན་པོ་ཆེ་དགའ་བའི་རྒྱལ་མཚན་ལྟ་བུ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བ་ཡངས་པའི་ཤུགས་ཤིན་ཏུ་ཡངས་པ་འབྱུང་བས་སེམས་ཀྱི་སྐད་ཅིག་རྣམ་པར་བརྒྱན་པ་འདི་ནི་དཔེ་ཚད་མེད་པ་རྣམ་པར་འགོད་པའི་རྗེས་སུ་འབྲང་བས་བསྟན་པར་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45.html?part=UT22084-037-007-8133#UT22084-037-007-8133