Degé Kangyur volume 38, F.116.b

གནས་པ་མཐོང་ངོ་། །​དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་གྱི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་། རྣམ་པར་འཕྲུལ་པ་འཇིག་རྟེན་ཐམས་ཅད་ལ་མངོན་པར་གནས་ཤིང་། འགྲོ་བ་རྣམ་པར་འདུལ་བ་སྟོན་པ་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུར་མཐོང་ནས་རབ་ཏུ་དགའ་བ་སྐྱེས་ཏེ། སྤྲོ་བ་ཆེན་པོའི་ཤུགས་དྲག་པོ་རྒྱ་མཚོ་རབ་ཏུ་ཐོབ་ནས། མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་ལ་ལུས་ཐམས་ཅད་ཀྱིས་ཕབ་སྟེ་ཕྱག་བྱས་ནས་ངོར་གྱེན་དུ་བལྟས་སོ། །​དེ་ནས་མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་གྱིས་བྱང་ཆུབ་སེམས་དཔའི་གཟུགས་དང་། མཚན་རྣམ་པར་དག་པ་རེ་མི་སྣང་བར་བྱས་ཏེ། མཚན་མོའི་ལྷ་མོའི་གཟུགས་སུ་བྱས་ཏེ། རྣམ་པར་འཕྲུལ་པ་ཐམས་ཅད་འབྱིན་ཅིང་འདུག་པར་གནས་སོ། །​དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་གྱི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །​ཁྱོད་ཀྱི་སྐུ་ཡང་མཚན་རབ་རྒྱན་གྱིས་བརྒྱན། །​ཤིན་ཏུ་བཟང་ཞིང་མཛེས་པ་བདག་གིས་མཐོང་། །​ནམ་མཁའ་སྐར་མའི་ཚོགས་ཀྱིས་བརྒྱན་པ་བཞིན། །​དཔེ་བྱད་བཟང་པོས་རྣམ་པར་བྲིས་པ་མཐོང་། །​འོད་ཀྱི་འཁོར་ཅན་སྐུ་བཟང་དམ་པའི་མཆོག །​མཐའ་ཡས་ཞིང་གི་རྡུལ་ཁམས་མང་པོ་སྙེད། །​ཁ་དོག་སྣ་ཚོགས་རྣམ་པའི་དཔེ་ཚུལ་དུ། །​ཕྱོགས་རྣམས་ཀུན་གྱི་དབྱིངས་སུ་ཁྱབ་པར་གང་། །​འོད་ཟེར་དྲ་བ་མང་པོ་འགྲོ་སེམས་མཉམ། །​ཁྱོད་ཀྱི་བ་སྤུའི་སྒོ་ནས་འགྱེད་པ་མཛད། །​འོད་ཟེར་སྒོ་ལ་པདྨོའི་ཡིད་འོང་གནས། །​ཁྱོད་ཀྱི་སྤྲུལ་པ་འགྲོ་བའི་སྡུག་བསྔལ་སེལ། །​སྤོས་ཀྱི་ན་བུན་སྤྲིན་དུ་ཆགས་པ་འགྱེད། །​འགྲོ་བའི་གཟུགས་སུ་གནས་ཏེ་ཀུན་ནས་མཛེས། །​མེ་ཏོག་སྒོ་རྣམས་ཀུན་ནས་དགྱེ་མཛད་པས། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45.html?part=UT22084-037-007-8085#UT22084-037-007-8085