Degé Kangyur volume 38, F.89.a

བར་གྱུར་པ་དང་། ཁྱིམ་དེ་ཡང་ཡོངས་སུ་བསྐྱོད་དེ་འོད་ཆེན་པོས་སྣང་བར་བྱས་ནས་རང་གི་གཟུགས་བསྟན་ཏེ། སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་བརྗོད་ནས། དེ་བཞིན་གཤེགས་པ་ཐོག་མ་མངོན་པར་སངས་རྒྱས་ནས། ཞག་བདུན་ལོན་ཏེ། སྙིང་པོ་བྱང་ཆུབ་ལ་བཞུགས་པ་དེ་བསྟནཏོ། །​དེ་ནས་ཁོ་མོ་ཕ་མ་དང་གཉེན་བཤེས་ཀྱི་ཚོགས་ཆེན་པོ་དང་འགྲོགས་ཏེ། མཚན་མོའི་ལྷ་མོ་ཤིན་ཏུ་རྣམ་པར་དག་པའི་ཟླ་བའི་འོད་སྔོན་དུ་བདར་ནས། དེ་བཞིན་གཤེགས་པ་དེའི་སྤྱན་སྔར་ཕྱིན་ཏོ། །​དེ་ནས་ཁོ་མོས་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། དེ་བཞིན་གཤེགས་པ་དེའི་ཞལ་མཐོང་མ་ཐག་ཏུ་ཏིང་ངེ་འཛིན་འགྲོ་བ་འདུལ་ཞིང་སངས་རྒྱས་མཐོང་བར་བྱེད་པ་ཞེས་བྱ་བ་དང་། ཏིང་ངེ་འཛིན་དུས་གསུམ་གྱི་དབྱིངས་ཡེ་ཤེས་ཀྱིས་སྣང་བའི་དཀྱིལ་འཁོར་ཅེས་བྱ་བ་ཡང་ཐོབ་པར་གྱུར་ཏོ། །​དེ་ཐོབ་པས་ཀྱང་ཁོ་མོས་བསྐལ་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་ཀྱང་རྗེས་སུ་དྲན་པར་གྱུར་ཏོ། །​ཁོ་མོའི་བྱང་ཆུབ་ཀྱི་སེམས་དེ་ཡང་མངོན་དུ་གྱུར་ཏེ། དེ་ལྟར་ཁོ་མོས་དེ་བཞིན་གཤེགས་པ་དེ་ལས་ཆོས་བསྟན་པ་ཐོས་ཏེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཀྱི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་སྣང་བས་འགྲོ་བ་རྣམ་པར་འདུལ་བའི་སྒོ་འདི་ཡང་ཐོབ་པར་གྱུར་ཏོ། །​དེ་ཐོབ་པས་ཀྱང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལུས་ཀྱིས་རྒྱས་པར་འགེངས་ཏེ། འཇིག་རྟེན་གྱི་ཁམས་དེ་དག་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་མིག་ལམ་དུ་སྣང་ཞིང་། བདག་ཉིད་ཀྱང་དེ་དག་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་འདུག་པར་ཤེས་སོ། །​འཇིག་རྟེན་གྱི་ཁམས་དེ་དག་ཏུ་སེམས་ཅན་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་མིག་ལམ་དུ་སྣང་སྟེ། དེ་དག་གི་སྒྲ་སྐད་རྣམ་པ་ཐ་དད་པའི་བརྡ་ཡང་རབ་ཏུ་ཤེས་སོ། །​སེམས་དང་བསམ་པ་དང་། དབང་པོ་དང་མོས་པ་ཡང་རབ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45.html?part=UT22084-037-007-8030#UT22084-037-007-8030