Degé Kangyur volume 37, F.351.b

མཐོང་ངོ་། །​རྩིབ་ལོགས་གཉིས་ནས། ཀླུའི་བུ་མོ་འཇིག་རྟེན་རྒྱུ་བ་ཐམས་ཅད་ཀྱི་གྲངས་དང་མཉམ་པ། ལུས་ཀྱི་དབྱིབས་བསམ་གྱིས་མི་ཁྱབ་པ་དུ་མ་དང་ལྡན་པ་བྱུང་སྟེ་ཀླུའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྟན་པ་དང་། སྤོས་ཀྱི་སྤྲིན་གྱི་རྒྱན་བསམ་གྱིས་མི་ཁྱབ་པ་ནམ་མཁའི་དབྱིངས་ལ་བྱིན་གྱིས་བརླབ་པ་དང་། མེ་ཏོག་གི་སྤྲིན་གྱི་རྒྱན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་དབྱིངས་ཐམས་ཅད་བརྒྱན་པ་དང་། ཕྲེང་བའི་སྤྲིན་བསམ་གྱིས་མི་ཁྱབ་པའི་རྒྱན་གྱིས་ནམ་མཁའི་དབྱིངས་ཐམས་ཅད་རྣམ་པར་ཀླུབས་པ་དང་། རིན་པོ་ཆེའི་གདུགས་ཀྱི་སྤྲིན་བསམ་གྱིས་མི་ཁྱབ་པའི་རྒྱན་གྱིས། །​ཆོས་ཀྱི་དབྱིངས་ཐམས་ཅད་ཡོངས་སུ་ཁེབས་པར་བྱ་བ་དང་། རིན་པོ་ཆེའི་རྒྱལ་མཚན་གྱི་སྤྲིན་བསམ་གྱིས་མི་ཁྱབ་པའི་རྒྱན་དང་། རིན་པོ་ཆེའི་ལྷའི་བ་དན་གྱི་སྤྲིན་བསམ་གྱིས་མི་ཁྱབ་པའི་རྒྱན་དང་། རིན་པོ་ཆེའི་ཕྱང་འཕྲུལ་སྣ་ཚོགས་ཀྱི་སྤྲིན་དང་། ཆར་བསམ་གྱིས་མི་ཁྱབ་པའི་རྒྱན་དང་། ནོར་བུ་རིན་པོ་ཆེ་དམ་པའི་སྤྲིན་གྱི་ཆར་འབབ་པ་བསམ་གྱིས་མི་ཁྱབ་པའི་རྒྱན་དང་། རིན་པོ་ཆེའི་སེ་མོ་དོ་སྣ་ཚོགས་དང་། མེ་ཏོག་གི་སྤྲིན་གྱི་ཆར་བསམ་གྱིས་མི་ཁྱབ་པའི་བརྒྱན་དང་། རིན་པོ་ཆེའི་ཁྲི་ལ་སྐྱིལ་མོ་ཀྲུང་དུ་འཁོད་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཀྱི་སྤྲིན་གྱི་ཆར་བསམ་གྱིས་མི་ཁྱབ་པ་འབེབས་པའི་རྒྱན་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་ལྡན་པའི་ལྷའི་བུ་མོ་མང་པོ་ཆོས་ཀྱི་གླུ་སྙན་པའི་སྒྲ་དབྱངས་ཀྱི་སྤྲིན་གྱི་ཆར་འབེབས་པ་བསམ་གྱིས་མི་ཁྱབ་པ་དང་། རིན་པོ་ཆེའི་པད་མོ་ཟེ་བ་མཐོ་བ་མུ་ཏིག་གི་དྲ་བས་བརྒྱན་པ། རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་ཀྱི་འབྲུའི་སྤྲིན་གྱི་ཆར་རྣམ་པར་འཐོར་བ་བསམ་གྱིས་མི་ཁྱབ་པའི་རྒྱན་དང་། རིན་པོ་ཆེའི་ཅོད་པན་གྱི་སྤྲིན་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་དང་། འོད་ཟེར་གྱི་སྤྲིན་མཐའ་ཡས་པའི་ཆར་འབེབས་པ་བསམ་གྱིས་མི་ཁྱབ་པའི་རྒྱན་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45.html?part=UT22084-037-007-7765#UT22084-037-007-7765