Degé Kangyur volume 81, F.38.b

ནཱ་གཱ་ན་བ་ཤི་ཀུ་སུ། ཀུ་རུ་ཀུ་རུ་ཕུཿ། ཀུ་རུ་བ་ཡ་ཀུ་རུ་བ་ཡ། ཕུཿཕུཿ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ཧཱུྃ་སྭཱ་ཧཱ་ཕཊ། སྔགས་འདིས་དགོན་པའི་ལྕི་བ་ལས་དཀྱིལ་འཁོར་བྱས་ལ། ཆོ་ག་བཞིན་དུ་ཙནྡན་གྱིས་བྱུག་པ་པདྨ་འདབ་མ་བརྒྱད་པ་བྲིས་ལ། ཤར་ལ་སོགས་པ་འདབ་མ་ལ་དགའ་བོ་ལ་སོགས་པའི་ཀླུ་བརྒྱད་བཞག་ནས། ཤ་ཁ་ར་དང་གུ་གུལ་གྱིས། རྒྱུ་སྐར་སྣར་མ་ལ་བབ་པའི་ཚེ། བརྒྱ་རྩ་བརྒྱད་བཟླས་ནས། ཀླུ་རྣམས་ལ་བདུག་པ་བྱིན་ནས། དེ་ནས་མཆོད་པའོ། །​གལ་ཏེ་ཆར་འབབ་པར་མི་འགྱུར་ན། ཆང་གིས་ཁྲུས་བྱས་ལ། སེང་ལྡེང་གི་མེས་གདུང་བར་བྱའོ། །​དེ་ལྟར་བྱས་ན་ཆར་འབབ་པར་འགྱུར་རོ། །​གལ་ཏེ་ཆར་འབེབས་པར་མི་བྱེད་ན། མཛེས་ཐེབས་པར་འགྱུར་རོ། །​རིག་པ་འཛིན་པ་འདི་དག་བྱ་བའི་ཟས་དང་ལྡན་པར་བྱ་བ་ཡིན་ནོ། །​ཕྱི་ནས་ཉེ་བར་བསྡུས་ལ་ཆུ་བོ་ཆེན་པོར་དོར་བར་བྱའོ། །​ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །​ལོ་ཐོག་ཕུན་སུམ་ཚོགས་པར་ཤོག །​འཇིག་རྟེན་མཐའ་དག་སྐྱིད་པ་དང་། །​རྒྱལ་པོ་ཆོས་དང་ལྡན་གྱུར་ཅིག །​ཅེས་ཡོངས་སུ་བསྔོ་བ་ཡང་བྱའོ། །​ཆར་ཤིན་ཏུ་ཆེས་པ་གཅད་འདོད་ན། སྦྲུལ་འདུལ་བའི་མི་ལས་སྦྲུལ་ཅིག་བླངས་ལ། ཙནྡན་གྱིས་བྱུགས་ནས་འོ་མ་བླུད་པར་བྱ་ཞིང་། སྔགས་འདི་ལན་བདུན་བསྔགས་པར་བྱས་པའི་བུམ་པ་དམར་པོ་མ་ཚོས་པའི་ནང་དུ་བཅུག་ལ། ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ནས། བུམ་པ་བཅག་པར་གྱུར་ན། དེ་མ་ཐག་ཏུ་ཆར་པ་གཅོད་པར་བྱེད་དོ། །​ཕྱི་ནས་ཚོགས་ཀྱིས་སྟོན་མོ་བྱ། །​ཡང་ན་ཉན་ཐོས་དགེ་འདུན་མཆོད། །​ཁྱེའུ་བུ་མོར་ཟས་སྐོམ་སྦྱིན། །​དེ་ལྟར་བྱས་ན་ཀླུ་རྣམས་དགའ། །​ཆར་ནི་འབབ་པར་འགྱུར་བའི་ཚེ། །​གལ་ཏེ་འདི་ལྟར་མི་བྱེད་ན། །​ཀླུ་རྣམས་དགའ་བར་མ་བྱས་པས། །​མཛེ་ཡིས་ཐེབས་པར་གྱུར་པ་ཡིན། །​རྒྱལ་པོའི་བུ་དང་བཙུན་མོའི་འཁོར་དང་བཅས་པ་ཁྲུས་བྱས་ལ་ཕྱིར་བཟློག་པའི་ཚེས་ལྔ་ལ་ཕྱིར་བཟློག་པའི་རྩ་བ་བཙལ་ནས། འོ་མའམ། ཡང་ན་མར་དང་སྦྱར་ཏེ། དངུལ་གྱི་སྣོད་དུ་བླུགས་ལ་བཏུང་ཞིང་དགེ་སློང་ལ་གསོལ་བར་བྱས་ན། ལོ་གཅིག་གི་བར་དུ་སྦྲུལ་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ། །​དེ་ལ་མི་དགེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh437.html?part=UT22084-081-006-1514#UT22084-081-006-1514