དཔའ་བོ་གཅིག་ཉིད་རྒྱུད་འདི་ནི། །གཏུམ་པོ་ཁྲོ་བོ་ཤིན་ཏུ་གསང་། ཞེས་པ་ནི་དཔའ་བོ་གཅིག་པ་ཉིད་དུ་གསུངས་པའི། དཔལ་ཁྲོ་བོ་གཏུམ་པོ་ཆེན་པོའི་རྒྱུད་ལས་རྒྱུད་ལ་འཇུག་པའི་རིམ་པར་ཕྱེ་བ་ཞེས་བྱ་བ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་མ་ཞེ་སྡང་རྡོ་རྗེ་མས། གཏུམ་པོ་ཆེན་པོ་ཁྲོ་བོ་ལ་དམ་དུ་འཁྱུད་ནས་གསོལ་པ། དཀྱིལ་འཁོར་གྱི་ནི་བྱ་བ་ལ། །གང་གི་ཚད་ཀྱིས་བྲི་བར་བྱ། །དེ་བཞིན་དེ་དབུས་བྲི་བྱ་བ། །གང་ཡིན་གཙོ་བོས་བདག་ལ་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཀྱིལ་འཁོར་ཚད་དུ་གང་གྱུར་པ། །ཁྲུ་གང་དང་ནི་ཁྲུ་དོ་དང་། །ཁྲུ་གསུམ་པ་དང་ཁྲུ་བཞི་པ། །ཁྲུ་ལྔའི་ཚད་ལས་ལྷག་མི་བྱ། །གང་དུ་དེ་ཡི་རྡུལ་ཚོན་ཉིད། །ཁ་དོག་སྣ་ཚོགས་ཀྱིས་བྱས་པ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །སྒོ་ནི་བརྒྱད་ཆ་ཉིད་དུ་ནི། །དེ་ཡི་ཚད་དུ་རབ་ཏུ་བརྟག །སྒོ་ཡི་ཚད་ཀྱིས་སྒོ་ཁྱུད་དང་། །དེ་ཡི་ཕྱེད་ཀྱིས་འགྲམ་དང་ནི། །ལོགས་དང་དེ་བཞིན་སྟེགས་བུ་དང་། །དྲ་བ་དྲ་ཕྱེད་སྣམ་བུ་རྣམས། །རྩ་བའི་ཐིག་གི་ཕྱི་རོལ་དུ། །དེ་ཡི་བྱེད་ཀྱི་རྡུལ་ཚོན་ས། །རྡོ་རྗེའི་ཕྲེང་བ་ཉིད་དང་ནི། །ཀ་བ་བརྒྱད་ལྡན་བརྟག་པར་བྱ། །སྒོ་ཡི་སུམ་འགྱུར་ཉིད་ཀྱིས་ནི། །སྒོ་ཡི་རྟ་བབས་མཆོག་ཏུ་བྱ། །མཆོག་ཏུ་སྣ་ཚོགས་རྡོ་རྗེ་བྲི། །རྡོ་རྗེའི་ར་བ་ཁོར་ཡུག་ལྡན། །དཔག་བསམ་ཤིང་སོགས་དང་ལྡན་པ། །ཁྲོ་བོ་གཏུམ་པོའི་དཀྱིལ་འཁོར་ལ། །དཀྱིལ་འཁོར་འཁོར་ལོའི་རྣམ་པ་ལ། །འཕར་མ་གཅིག་པ་ཉིད་དུ་བྱ། །དེ་ཡི་ཤར་ཕྱོགས་ཕྱོགས་བརྒྱད་ལ། །སྣ་ཚོགས་པདྨ་ཡང་དག་བྲི། །དབུས་མ་དང་དགུ་དེ་དབུས་སུ། །རལ་གྲི་སྔོན་པོ་རྡོ་རྗེས་མཚན། །རྡོ་རྗེ་གྲི་གུག་ཐོད་བཅས་འོག །ཤར་དུ་འཁོར་ལོས་མཚན་པ་ཡི། །རལ་གྲི་ཁ་དོག་དཀར་པོ་བྲི། །ལྷོ་རུ་ཁ་དོག་སེར་པོ་ཡི། །རིན་ཆེན་དང་བཅས་ཡང་དག་བྲི། །ནུབ་ཏུ་ཁ་དོག་དམར་པོ་ཡི། །པདྨ་དམར་པོས་མཚན་པ་དང་། །བྱང་དུ་རལ་གྲི་རྐྱང་པ་ཡི། །ཁ་དོག་ལྗང་ཁུ་ཡང་དག་ཁྲི། །འཁོར་ལོ་དཀར་པོས་མཚན་པ་ཡི། །གྲི་གུག་མེ་ཡི་མཚམས་སུ་བྲི། །རིན་ཆེན་སེར་པོས་རབ་མཚན་པ། །བདེན་བྲལ་དུ་ནི་བྲི་བར་བྱ།