Degé Kangyur volume 79, F.142.a

དུས་ཀྱི་ནམ་མཁའ་ལྟ་བུ། མེའི་དཀྱིལ་འཁོར་ལ་གནས་པའི་མི་གཡོ་མགོན་དཔྲལ་བའི་ནང་ནས་བཏོན་ཏེ། རྣམ་པར་སྣང་མཛད་ཀྱི་གནས་སུ་ཕྱག་དྲུག་ན་རལ་གྲི་དང་། སྡིགས་མཛུབ་དང་། མདའ་དང་། ཞགས་པ་དང་། གཞུ་དང་། རྡོ་རྗེ་སྟེ། ཆར་རབ་ཏུ་འབེབས་ཤིང་ཁྲོ་བོ་གྲངས་མེད་པས་ཡོངས་སུ་བསྐོར་བས་བདུད་ལས་རྣམ་པར་རྒྱལ་བ་དང་། བགེགས་ཐམས་ཅད་བསྐྲད་པ་དང་། ཧཱུྃ་གི་སྒྲས་གང་བས་འཇིག་རྟེན་གསུམ་གང་བ་ཡང་འཇིག་པར་བྱེད་དོ། །​སྐྱེས་པའི་ཁྲག་དང་། རྐང་རྗེས་ཀྱིས་ལས་མིའི་གཟུགས་བྱས་ནས་མིག་ལ་མིའི་རུས་པའི་ཕུར་བུ་འོད་ཟེར་ཅན་གྱི་སྔགས་ལན་ཉི་ཤུར་མངོན་པར་བསྔགས་ཏེ། གདབ་པར་བྱ་ཞིང་བཏབ་མ་ཐག་ཏུ་དེ་ཚོགས་ཀྱི་བདག་པོའི་ཁར་བཅུག་ནས་རྒྱབ་ཏུ་རྡོ་རྗེ་གཏུན་ཤིང་གིས་བརྡུང་བར་བྱ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་བཛྲ་མུ་ཥ་ལེ་ན་ཙཱུ་རྞཎ་ཡ་བིགྷྣའ་ན་ཧཱུྃ་ཕཊ། །​དེ་ལྟར་བསམ་གཏན་གྱི་ལས་ཀྱིས་སྐྱེས་པའི་བགེགས་ཟློག་པར་བྱེད་དོ། །​ནམ་མཁའ་ལྡིང་མིག་སྨན་གྱི་ཁ་དོག་ལྟ་བུ་ཀླུ་བརྒྱ་སྟོང་གིས་བརྒྱན་ཅིང་། ལུས་ལ་ཀླུ་བརྒྱད་དང་། བརྒྱ་སྟོང་གི་གདོང་དང་། ནམ་མཁར་གནས་པའི་བཀའ་སྤྲིན་དེ་རྣམས་ཀྱིས་ཐོས་ནས་སྤྲིན་གྱི་ཚོགས་ཀྱིས་ཆར་ཟློག་པར་བྱེད་དོ། །​ནམ་མཁའ་ལྡིང་གི་གཤོག་པའི་མདོག་སྔོན་པོ་ཡང་མཆུས་བསྣུན་པས་ཆུ་བོའི་ཚོགས་སྐེམས་པར་བྱེད་དོ། །​ཨོྃ་བཛྲ་ནཱ་རཱ་ཡ་ཎ་ནིརྦྦཱ་པ་ཡ་བ་ཧྣིནྣ་པཱ་ཙ་བཱམྦུ་མེ་གྷཻཿཧཱུྃ། ནམ་མཁའི་ཁམས་ཀྱི་ནང་སོན་པར། །​ཞལ་གསུམ་པ་ལ་སྤྱན་གསུམ་པ། །​རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །​སྟག་གི་པགས་པ་མནབས་པ་དང་། །​ཁ་དོག་དམར་པོ་གཟི་བརྗིད་ཆེ། །​ཉི་མ་ཤར་བའི་འོད་ལྟ་བུར། །​རལ་གྲི་ཉིད་དང་ཁ་ཊྭཱཾ་ག། །​གཞུ་དང་དེ་བཞིན་མདའ་ཉིད་དང་། །​ཤ་ཆེན་གྱི་ནི་ཐོད་པ་དང་། །​དེ་བཞིན་དུ་ནི་ཅང་ཏེའུ་ཉིད། །​ཞགས་པ་ཉིད་དང་ལྕགས་ཀྱུ་དང་། །​གཡོན་ན་ཨུཏྤལ་རྣམ་པར་སྤྲས། །​གཡོན་བརྐྱང་འཇིགས་པ་ཆེན་པོ་ནི། །​ཉི་མར་གནས་ཤིང་གར་དང་ལྡན། །​དམར་པོ་འབར་ཞིང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381.html?part=UT22084-079-008-9138#UT22084-079-008-9138