Degé Kangyur volume 79, F.141.a

དེས་ནི་བསྒྲུབ་བྱ་རྣམ་པར་བསམས། །​ཞགས་པས་བཅིངས་ནས་ལྷོ་ཕྱོགས་སུ། །​རྡོ་རྗེ་ཁྲོ་བོས་དྲངས་ནས་ནི། །​རྡོ་རྗེ་གཞན་གྱིས་བརྡེག་པ་དང་། །​རལ་གྲི་ཡིས་ནི་དྲལ་བ་དང་། །​རྒྱུ་མ་ནར་ཞིང་མྱོས་པ་ཉིད། །​ཨོྃ་བཛྲ་རཱཀྵ་ས་བྷ་ཀྵ་ཡེ་ཏི་ཕཊ། །​དེ་ནས་ཁྱི་ཡི་གདོང་བྱས་ནས། །​རྡོ་རྗེ་སྲིན་པོ་བསྒོམ་པའོ། །​ཨོྃ་ཧྲཱིཿཥྚྲི་བི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། །​འདི་ནི་མ་ཧེའི་གདོང་གཤིན་རྗེའི་གཟུགས་ཀྱི་སྔགས་སོ། །​ཁྭ་དང་ཝ་དང་བྱ་རྒོད་ཀྱིས། །​ཐམས་ཅད་དུ་ནི་ཡོངས་སུ་བསྐོར། །​དེས་ནི་བཟའ་བ་ལྡན་པར་ནི། །ཡིད་ཀྱིས་བསྐུལ་བར་བསྒོམ་པར་བྱ། །​རླུང་གི་དཀྱིལ་འཁོར་མཉམ་ཞོན་པར། །​རྡོ་རྗེ་མཆེ་བ་རྣམ་པར་བསམ། །​དེ་ཡི་རྒྱབ་ཏུ་ཞོན་པར་ནི། །​བསྒྲུབ་པར་བྱ་བ་ཡོངས་སུ་བརྟག །​རྡོ་རྗེ་ཁྲོ་བོས་གཟིར་ནས་ནི། །​ལྷོ་ཡི་ཕྱོགས་སུ་ཁྱེར་བར་བྱ། །​རླུང་གི་དཀྱིལ་འཁོར་ལོ་མ་དང་། །​དེ་ཡི་ངེས་པར་རྐང་རྗེས་ས། །​རྡོ་རྗེའི་མགོ་བོ་རྐང་པར་ནི། །​དེ་ཡི་མིང་ནི་གཟུང་བས་ས་སྦ། །​དེ་ལྟར་བསྒོམ་པའི་སྦྱོར་བས་ནི། །​ཆོ་ག་ཡིས་ནི་ལས་རྣམས་བྱ། །​བརྒྱ་བྱིན་ཀྱང་ནི་སྐྲོད་བྱེད་ན། །​ས་ཡི་སྐྱེ་བོ་སྨོས་ཅི་དགོས། །​བྲམ་ཟེའི་སྐྲ་དང་དགེ་སྦྱོང་སྤུས། །​འུག་པའི་གཤོག་པ་དཀྲིས་ནས་ནི། །​དེ་མིང་སྔགས་ཀྱི་ནང་བཅུག་སྟེ། །​བྲིས་ནས་ས་ལ་སྦས་ནས་ནི། །​རྡོ་རྗེ་ཁྲོ་བོ་གཉིས་དག་གིས། །​འཐབ་པ་རུ་ནི་རྣམ་པར་བསམ། །​དེ་ལྟར་རྣམ་བསམ་སྦྱོར་བས་ནི། །​ཇི་ལྟར་འདོད་པས་སྡང་བར་བྱེད། །​ཙི་ཡི་ཡི་གེ་དང་ལྡན་པས། །​རྟའི་རྣམ་པའི་གདོང་དུ་བྱེད་པ་ནི་ཆང་འགུགས་པར་བྱེད་པ་ལ་མཆོག་སྟེ། སྐུ་མདོག་ལྗང་གུ་དང་། ཞལ་བཞི་པ་དང་། ཞབས་བཞི་པ་དང་། ཕྱག་བརྒྱད་པ་དང་། རྟ་མགྲིན་གྱི་རྒྱལ་པོ་ཆེན་པོ་དམ་པའི་དབང་ཕྱུག་འགྲུབ་པར་འགྱུར་རོ། །​དང་པོ་ནི་ལྗང་གུ་ལ་ཅུང་ཟད་སེར་བ་སྟེ། སྤྱན་གསུམ་པའོ། །​ཞལ་གཡས་པ་དང་། གཞན་པ་ནི་ནག་པོ་དང་དཀར་པོའོ། །​དེ་བཞིན་དུ་སྟེང་མ་ནི་རྟ་གདོང་སྟེ། རྣམ་པར་གཙིགས་ཤིང་ལྗང་གུའོ། །​གཡས་པ་ནི་བ་དན་ལྕེ་གསུམ་པ་འཕྱར་བའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381.html?part=UT22084-079-008-9136#UT22084-079-008-9136