Degé Tengyur volume 93, F.207.b

གཟུགས་ལ་བརྩོན་པར་མི་བྱེད་པ་འདི་ལྟ་བུ་ནི་གཟུགས་ལ་བརྩོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་འགྲེས་སྔ་མར་ནི་གནས་པ་བཀག་གོ། །​འདིར་ནི་བསྒྲུབ་པ་བཀག་གོ། །​གཟུགས་སྔོན་གྱི་མཐར་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པས་དུས་གསུམ་ཆར་དུ་ཡང་མི་དམིགས་པར་སྟོན་ཏོ། །​ཤཱ་རིའི་བུ་འདི་ལྟར་གཟུགས་ཀྱི་ཟབ་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནི་ཟབ་པ་ཞེས་བྱ་བ་ཀུན་བརྟགས་པ་ཡིན་པའི་ཕྱིར་དོན་དམ་པར་གཟུགས་ཉིད་མེད་པས་དེ་སྐད་ཅེས་བྱའོ། །​ཟབ་པའི་འགྲེས་དང་། གཏིང་དཔག་དཀའ་བའི་འགྲེས་དང་། ཚད་མེད་པའི་འགྲེས་དང་། བརྒྱ་བྱིན་གྱི་ཚིག་དང་། ལུང་བསྟན་པ་ཐོབ་པ་དང་། འབྲོག་དགོན་པའི་དཔེ་དང་། རྒྱ་མཚོ་ཆེན་པོའི་དཔེ་དང་། དཔྱིད་ཀྱི་དཔེ་དང་། སྦྲུམ་མའི་དཔེ་དང་། རྗེས་སུ་བཟུང་ཞིང་ཡོངས་སུ་བསྟན་པའི་ཚིག་འདི་རྣམས་ནི་བརྡ་ཕྲད་པར་སླའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པའི་རྟགས་རྣམ་པ་གཉིས་ཏེ། ཆོས་ཐམས་ཅད་འཕེལ་བ་དང་། འགྲིབ་པར་མི་མཐོང་བ་དང་། ཆོས་རྣམས་ཀྱི་མཚན་ཉིད་མཐོང་བའོ། །​བསམ་གྱིས་མི་ཁྱབ་པ་བསྟན་པ་དང་། བསམ་གྱིས་མི་ཁྱབ་པ་ལ་རྣམ་པར་རྟོག་པ་མི་འབྱུང་བ་ཡང་། བསྒོམ་པ་ཡོངས་སུ་རྫོགས་པའི་རྟགས་སོ། །​ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་རྟགས་ནི་གཟུགས་སུ་མི་རྟོག་རྣམ་པར་མི་རྟོག་གོ། །​གཟུགས་ཀྱི་མཚན་མར་མི་རྟོག །​རྣམ་པར་མི་རྟོག་གོ། །​གཟུགས་ཀྱི་རང་བཞིན་དུ་མི་རྟོག །​རྣམ་པར་མི་རྟོག་གོ་ཞེས་བྱ་བ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་རྣམས་སུ་མི་རྟོག་གོ། །​མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་མཚན་མར་མི་རྟོག་གོ། །​སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་རང་བཞིན་དུ་མི་རྟོག་གོ། །​ཀུན་བརྟགས་པ་ལ་རྣམ་པར་མི་རྟོག་གོ། །​གཞན་གྱི་དབང་ལ་རྣམ་པར་མི་རྟོག་གོ། །​སྔར་ནི་དེ་བཞིན་ཉིད་ཟབ་པས་ཟབ་པ་ཉིད་དུ་གསུངས་སོ། །​ད་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་གཟུགས་ལ་སོགས་པ་ལ་སྒྲོ་བཏགས་ནས་ཟབ་པ་བཤད་པ་ནི་གདུལ་བའི་བསམ་པ་སྣ་ཚོགས་ཀྱི་ཕྱིར་རོ། །​བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-22080#UT23703-093-001-22080