Degé Tengyur volume 93, F.72.a

ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནས། སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་བསྟན་ཏོ། །​དེའི་འོག་ཏུ་ཉན་ཐོས་དང་རང་སངས་རྒྱས་དག་གི་དཔེ་སྲིན་བུ་མེ་ཁྱེར་གྱིས་བསྟན་པ་དང་། དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་དཔེ་ཉི་མ་འཆར་བས་བསྟན་པ་སྟེ། དཔེའི་འགྲེས་གཉིས་ཀྱི་དོན་ནི་གསལ་བར་བསྟན་པས་ཡང་དོན་བསྟན་མི་དགོས་སོ། །​ཡང་དེའི་འོག་ཏུ་གནས་བརྟན་གྱིས་འཁོར་གྱི་ཐེ་ཚོམ་བསལ་བའི་ཕྱིར། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པའི་གནས་དང་། ཕྱིར་མི་ལྡོག་པའི་ས་ཐོབ་པའི་གནས་དང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བའི་གནས་གསུམ་ཞུས་པ་དང་། དེའི་འོག་ཏུ་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་དང་པོ་འདས་ནས་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་བའི་སེམས་བསྐྱེད་པ་ནས་བཟུང་སྟེ། ཆོས་ཐམས་ཅད་ཀྱི་མཚན་ཉིད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྟོག་པའི་རྒྱུས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པར་འགྱུར་ཞིང་། དེ་དག་ལས་འདས་ནས་ས་བརྒྱད་པ་ལ་ཕྱིར་མི་ལྡོག་པར་འགྱུར་ཏེ། རྣམ་པར་སྨིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བར་བསྟན་ཏོ། །​ཡང་ཅི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་མ་ཐག་ཏུ། དེ་དག་གིས་མཆོད་པའི་གནས་སུ་འགྱུར་རམ། འོན་ཏེ་དུས་གཞན་ཞིག་ན་འགྱུར་སྙམ་དུ་གནས་བརྟན་ཡིད་གཉིས་སུ་གྱུར་ནས། བཅོམ་ལྡན་འདས་གང་ལ་གནས་ན་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཐོག་མ་སེམས་དང་པོ་བསྐྱེད་ཕྱིན་ཆད་ཅེས་བྱ་བ་ལ་སོགས་པས་ས་རབ་ཏུ་དགའ་བ་ཐོབ་མ་ཐག་ཏུ་མཆོད་པའི་གནས་སུ་འགྱུར་རོ་ཞེས་བསྟན་ཏོ། །​ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་དེའི་གཏན་ཚིགས་བསྟན་ཏོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-21809#UT23703-093-001-21809