Degé Tengyur volume 93, F.52.b

པ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཉིད་ཀྱི་གནས་སྐབས་ཐོབ་པ་ལ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་བཞིན་ཉིད་སྐྱོན་མེད་པའི་གནས་སྐབས་ཐོབ་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་གོ། །​ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་འདོད་པས་ཞེས་བྱ་བ་ནི་ཡོན་ཏན་ཁྱད་ཞུགས་པའི་ཕྱིར་ཏེ། སའི་ཡེ་ཤེས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་རྣམ་པ་བཞིས་ཉན་ཐོས་དང་རང་སངས་རྒྱས་ལས་འདས་པ་ཡིན་ཏེ། དབང་པོའི་ཁྱད་པར་དང་། སྒྲུབ་པའི་ཁྱད་པར་དང་། ཡེ་ཤེས་ཀྱི་ཁྱད་པར་དང་། འབྲས་བུའི་ཁྱད་པར་གྱིས་སོ། །​དེ་ལ་ཉན་ཐོས་ནི་རང་བཞིན་གྱིས་དབང་པོ་རྟུལ་པོ་ཡིན། རང་སངས་རྒྱས་ནི་དབང་པོ་བར་མ་ཡིན། བྱང་ཆུབ་སེམས་དཔའ་ནི་དབང་པོ་རྣོན་པོ་ཡིན་ནོ། །​ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་རང་བཞིན་གྱིས་བདག་གི་དོན་ལྷུར་ལེན་པ་བདག་གི་དོན་ཉིད་སྒྲུབ་ཅིང་བདག་ལ་ཕན་པ་འབའ་ཞིག་མཐར་ཕྱིན་པར་བྱེད་དོ། །​བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གྱི་དོན་གཉི་ག་ལྷུར་ལེན་ལ། བདག་དང་གཞན་གྱི་དོན་ཉིད་བསྒྲུབས་ནས། བདག་དང་གཞན་ལ་ཕན་པ་ཉིད་མཐར་ཕྱིན་པར་མཛད་དོ། །​ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཆོས་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཉིད་དུ་རྟོགས་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་ལ་ཕན་པར་མཛད་པ་ལ་ཞུགས་པའི་ཕྱིར་རིག་པའི་གནས་ཐམས་ཅད་ལ་མཁས་པ་དང་། སེམས་ཅན་གྱི་ཁམས་དོན་རྣམ་པ་དུ་མ་བསྒྲུབས་ནས་དེའི་འོག་ཏུ་ཆོས་ཐམས་ཅད་དམིགས་སུ་མེད་པའི་མཚན་ཉིད་དུ་རྟོགས་པར་མཛད་དོ། །​ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་ཉིད་ཐོབ་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་དོ། །​བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀ་སྤངས་ནས་མི་གནས་པའི་མྱ་ངན་ལས་འདས་པ་བསྒྲུབས་ཏེ། འཁོར་བའི་མཐའི་བར་དུ་སེམས་ཅན་ལ་ཕན་པའི་དོན་ཉིད་མཛད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-21770#UT23703-093-001-21770