Degé Kangyur volume 76, F.211.a

ཐོགས་པ་དང་རྟ་ཞོན་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་འཕར་བ་དང་སྤྱང་ཀིར་སྐྱེའོ། །​སྐྲ་ཐུང་བ་དང་མགོ་རྒྱན་བཏགས་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་བུ་མཆུ་རིངས་སུ་སྐྱེའོ། །​ཉལ་ཞིང་ཟ་བ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་ཕག་ཏུ་སྐྱེའོ། །​དར་ཚོན་གྱི་གོས་ལ་དགའ་བ་ནི་བྱེའུ་ཁྲེའུར་སྐྱེའོ། །​མི་སྙན་པ་ཟློས་ཤིང་ཀུ་རེ་ལ་དགའ་བ་ནི་བྱ་ནེ་ཙོ་རུ་སྐྱེའོ། །​ཕྲ་མ་བྱེད་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་ལྟོ་འཕྱེ་མགོ་དྲུག་པར་སྐྱེའོ། །​མ་འོས་པར་ཀུ་རེ་བྱེད་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་བུ་རྨོངས་པར་སྐྱེའོ། །​གཏམ་ངན་སྐྱེལ་བ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་བྱར་སྐྱེའོ། །​མི་ལ་གནོད་པ་དང་ངན་དུ་དགའ་ཞིང་གཏམ་ལ་སྲེད་པ་ནི་ཚེ་ཕྱི་མ་ལ་ཝར་སྐྱེའོ། །​མི་དངངས་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་བུ་དོ་ལོག་ཏུ་སྐྱེའོ། །​ཚེ་སྔ་མ་ལ་ཤིང་ལྷམ་གྱོན་ཞིང་ལྷ་ཁང་དུ་འགྲོ་བ་ནི་ཚེ་ཕྱི་མ་ལ་རྟར་སྐྱེའོ། །​ཚེ་སྔ་མ་ལ་འཕྱེན་བག་མེད་པར་བཏང་བས་ནི་ཚེ་འདི་ལ་སྦུར་བར་སྐྱེའོ། །​ཚེ་སྔ་མ་ལ་དགེ་འདུན་གྱི་རང་འཐག་དང་གཏུན་ལ་སྤྱད་པ་ནི་ཚེ་འདི་ལ་སྲིན་བུ་མགོ་རྡེབས་སུ་སྐྱེའོ། །​སེམས་ཅན་གྱི་ཟས་ལ་གེགས་བྱས་པས་ནི་བྱ་ཤིང་རྟ་མོར་སྐྱེའོ། །​ཚེ་སྔ་མ་ལ་དགེ་འདུན་གྱི་ཆུ་བརྐུས་པས་ནི་ཉ་དང་རུས་སྦལ་ལ་སོགས་པ་ཆུའི་ནང་ན་གནས་པའི་སེམས་ཅན་དུ་སྐྱེའོ། །​ཚེ་སྔ་མ་ལ་དགེ་འདུན་སྨེ་བར་བྱས་པས་ནི་གཙང་སྦྲའི་སྲིན་བུར་སྐྱེའོ། །​དགེ་འདུན་གྱི་ཤིང་ཏོག་བརྐུས་པས་ནི་མཆིས་པ་ཟ་བའི་སྲིན་བུར་སྐྱེའོ། །​དགེ་འདུན་གྱི་ནོར་བརྐུས་པས་ནི་རང་འཐག་སྐོར་བའི་བོང་བུ་དང་གླང་དུ་སྐྱེའོ། །​དགེ་འདུན་གྱི་ནོར་ནན་གྱིས་བསྐྱི་བརྙ་བྱས་པས་ནི་བྱ་ཕུག་རོན་དུ་སྐྱེའོ། །​དགེ་འདུན་ལ་སྤྱོ་བ་བྱས་པས་ནི་གླང་གི་གཉའ་བའི་སྲིན་བུར་སྐྱེའོ། །​དགེ་འདུན་གྱི་ལྡུམ་སྐྱུར་ཟོས་པས་ནི་ལྡུམ་བུར་རྩ་བ་གང་གི་སྲིན་བུར་སྐྱེའོ། །​དགེ་འདུན་གྱི་ཁྲི་སྟན་ལ་འདུག་པས་ནི་སྲིན་བུ་མགོ་དམར་དུ་སྐྱེའོ། །དགེ་འདུན་གྱི་ནོར་སྣ་ཚོགས་ལ་སྤྱད་པས་ནི་སྲིན་བུ་འཕྱེ་བོར་སྐྱེའོ། །​མགོ་ལ་རུས་པའི་ཐུར་མ་བཏུར་ནས་ལྷ་ཁང་དུ་འགྲོ་ན་བྱ་མཆུ་རིངས་སུ་སྐྱེའོ། །​དཀར་རྩི་དང་དམར་རྩིས་བྱུགས་ཏེ་ལྷ་ཁང་དུ་འགྲོ་ན་བྱ་སྐྱུང་ཀར་སྐྱེའོ། །​དར་ཚོན་གྱི་གོས་གྱོན་ཏེ་ལྷ་ཁང་དུ་འགྲོ་ན་བྱེའུ་སེ་རུར་སྐྱེའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh355.html?part=UT22084-076-009-281#UT22084-076-009-281