Degé Kangyur volume 76, F.215.b

འགྱུར་འཐོབ་བོ། །​དགེ་སློང་ངམ། དགེ་སློང་མའམ། ཁྲིམས་གཙང་མ་ལ་སྦྱིན་པ་བྱིན་པས་ནི་ལན་ཁྲིར་འགྱུར་རོ། །​ཆོས་སྨྲ་བའི་དགེ་སློང་ཐེག་པ་ཆེན་པོ་སྤེལ་ཞིང་དེ་བཞིན་གཤེགས་པའི་གཏེར་བཤད་པ་མང་པོ་ཀུན་གྱི་མིག་ཕྱེད་ནུས་པ་ལ་བྱིན་ན་ལན་གྲངས་མེད་ཚད་མེད་པ་སྙེད་དོ། །​གལ་ཏེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བྱིན་ན་འབྲས་བུ་མཐར་གཏུགས་པར་འགྱུར་རོ། །​གཞན་ཡང་སྦྱིན་གནས་གསུམ་ལ་སྦྱིན་པ་བྱས་ན་རྣམ་པར་སྦྱིན་པའི་འབྲས་བུ་ཟད་མི་ཤེས་སོ། །​གསུམ་གང་ཞེ་ན། སངས་རྒྱས་དང་། ཕ་མ་དང་། ནད་པའོ། །​དེ་དག་ལ་ཟས་གཅིག་སྦྱིན་པ་བྱས་པས་ཀྱང་དེ་ལྟ་བུའི་འབྲས་བུ་མི་ཟད་པ་འཐོབ་པར་འགྱུར་ན། རྟག་ཏུ་སྦྱིན་པ་བྱིན་པ་ལྟ་ཅི་སྨོས། ཚེ་འདི་ལ་དགེ་འདུན་མང་པོ་ལ་ཁྲུས་བྱས་ན་སྐྱེ་བ་ཐམས་ཅད་དུ་བྱད་བཞིན་བཟང་ཞིང་། ཡིད་བཞིན་གྱི་གོས་དང་ལྡན་ལ་མང་པོ་ཀུན་གྱིས་བཀུར་བར་འགྱུར་རོ། །​ཚེ་འདི་ལ་དམ་པའི་ཆོས་ཀྱི་མདོ་སྡེ་ཀློག་པ་དང་། འདོན་པ་ལ་བསྔགས་པས་ནི་སྐྱེ་བ་ཐམས་ཅད་དུ་སྒྲ་དབྱངས་སྙན་ཅིང་ཀུན་གྱིས་ཐོས་པར་དགའ་བར་འགྱུར་རོ། །​ཚེ་འདི་ལ་ཚུལ་ཁྲིམས་སྡོམ་པས་ནི་སྐྱེ་བ་ཐམས་ཅད་དུ་བྱད་བཞིན་བཟང་བ་དང་། མིའི་མཆོག་ཏུ་འགྱུར་རོ། །​ཚེ་འདི་ལ་ཆུ་དཀོན་པའི་སར་ཁྲོན་པ་མང་པོ་བརྐོས་ལ་སྐོམ་སྦྱར་ལ། ལམ་སྲང་དུ་ཀུན་ཤོང་བར་བྱེད་དེ། བསྐྱེད་ཅིང་མིའོ་ཅོག་སྒྲོལ་བ་ནི་སྐྱེ་བ་ཐམས་ཅད་དུ་མིའི་རྒྱལ་པོ་བྱེད་ཅིང་ཟས་སྐོམ་རོ་བརྒྱ་དང་ལྡན་པ་ཡིད་བཞིན་དུ་འབྱུང་བར་འགྱུར་རོ། །​ཚེ་འདི་ལ་མདོ་སྡེ་ལ་སོགས་པ་འདྲིའམ་གཞན་ལ་བྱིན་ཏེ་ཀློག་ཏུ་བཅུག་པ་ནི་སྐྱེ་བ་ཐམས་ཅད་དུ་ཚིག་ལ་ཐོགས་པ་མེད་ཅིང་སློབ་པ་ཐམས་ཅད་ལན་ཅིག་ཐོས་པས་མི་བརྗེད་པར་ཟིན་པར་འགྱུར་རོ། །​སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་རྟག་ཏུ་དེ་ལ་དགོངས་པར་འགྱུར་རོ། །​མིའི་ནང་ན་མཆོག་དང་ཕུལ་དུ་འགྱུར་རོ། །​གཙོ་བོར་འགྱུར་རོ། །​ཚེ་འདི་ལ་ཟམ་པ་དང་གྲུ་ལ་སོགས་པ་བྱེད་དེ། སྐྱེ་བོ་མང་པོ་སྒྲོལ་བར་བྱེད་པ་ལ་དགའ་བ་ནི་སྐྱེ་བ་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་ཕལ་མང་པོས་བཀུར་ཏེ་བསྔགས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh355.html?part=UT22084-076-009-290#UT22084-076-009-290