Degé Kangyur volume 72, F.307.b

འདུན་ལ་རིམ་གྲོ་མི་བྱེད་པ། སྡིག་བྱེད་པའི་གྲོགས་པོ་ལ་རིམ་གྲོ་བྱེད་པ། དགེ་བའི་གྲོགས་པོ་ཀུན་སྤོང་ཞིང་ཁྱད་དུ་གསོད་པ། ངོ་ཚ་མི་ཤེས་པ། ཁྲེལ་གྱིས་དོགས་པ་མེད་པ། སྤ་ཞིང་མཛེས་པའི་བག་མི་བྱེད་པ། གཡེམ་པ་ལ་བག་མེད་པ། འགྲོ་བ་མང་པོའི་ཡིད་དུ་མི་འོང་བ། འགྲོ་བ་མང་པོས་སྨད་པ། རིགས་ཆེན་པོ་དང་། གཉེན་པ་དང་། རིགས་གཅིག་པ་སྤངས་པ། ཡང་དག་པའི་ཆོས་མ་ཡིན་པ། ཀུན་འཛིན་པ། ཡང་དག་པའི་ཆོས་ཀུན་སྤོང་བ། ཉེས་པར་བྱེད་ཀྱིས་སྟོད་པའི་མི་རིགས་ཞེས་བླ་མས་སྨད་པ། མྱ་ངན་ལས་འདས་པ་དང་རིང་དུ་བྲལ་བ། སྨྱོན་པར་གྱུར་པའི་ལས་སེམས་ཤིང་ངན་པའི་སྐྱོན་རྣམས་སྣ་ཚོགས་སུ་བྱེད་པ་ཡིན་ཏེ། ཤི་ནས་སེམས་ཅན་དམྱལ་བར་ལྟུང་ཞིང་ལུས་དང་བྲལ་ན་ཡང་ལམ་ངན་པར་འགྲོ་བས་བླ་འོག་ཀུན་གྱིས་ཀྱང་མི་བཏུང་ཞིང་སྤང་བར་བྱའོ། །​མན་པ་བདེ་བར་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་ནས་གུས་པས་ཕྱག་བྱས་ནས་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། ཆེན་པོའི་རིགས་སུ་སྐྱེ་བ། གཟུགས་ཆེ་བ། འཁོར་མང་བ། ཕ་མ་ལ་རིམ་གྲོ་བསྟི་སྟང་ཆེ་བ། ནོར་མང་བ། མང་དུ་ཐོས་པ། དད་པ་དང་ལྡན་པ། མང་དུ་དྲན་པ་ཤེས་རབ་ཆེན་པོ་མཐོ་རིས་ཀྱི་ལམ་ཆེན་པོ་ཐོབ་པར་འོང་ངོ་། །​ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གཟུགས་བཟང་པོར་འགྱུར། སྐད་སྙན་པར་འགྱུར། ངག་ཀུན་གྱིས་མཉན་པར་འགྱུར། འཁོར་ཀུན་གྱིས་སྟོད་པར་འགྱུར། སྐྱིད་པ་དང་ལྡན་པར་འགྱུར། ལྷ་དང་མིའི་ནང་ན་ཡང་དབང་ཆེ་བར་འགྱུར། སྤྱོད་པ་མང་པོར་འགྱུར། །​མཐོ་རིས་སུ་སྐྱེ་བར་འགྱུར། མྱ་ངན་ལས་འདས་པ་ཡང་མྱུར་དུ་ཐོབ་པར་འགྱུར་རོ། །​ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གདུགས་དང་འདྲ་བར་འགྱུར། འཇིག་རྟེན་ལ་མི་གནོད་པར་འགྱུར། སྨོན་པའི་གནས་སུ་འགྱུར། འཇིག་རྟེན་གྱི་དབང་པོར་འགྱུར། ལས་སེམས་ཤིང་བྱེད་པར་འགྱུར། ཕྱི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པར་འགྱུར། དབང་པོ་ཆེན་པོར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱ་ངན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh339.html?part=UT22084-072-039-679#UT22084-072-039-679