Degé Kangyur volume 72, F.275.b

འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །​ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །​དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་ལོ། །​འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །​འདི་ནི་སྡུག་བསྔལ་འགོག་པའོ། །​འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །​ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །​དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །​ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །​དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤང་བར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །​ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །​དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་ཤེས་པ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་སུམ་དུ་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །​ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །​དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམ་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །​ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །​དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་ཡོངས་སུ་ཤེས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །​ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །​དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤངས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh337.html?part=UT22084-072-037-114#UT22084-072-037-114