Degé Kangyur volume 72, F.273.a

འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ཕུན་སུམ་ཚོགས་པ་དང་། གཞན་ཡང་སྤྱོད་པ་སུམ་ཅུ་རྩ་བདུན་པོ་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཕུན་སུམ་ཚོགས་ཤིང་ཆོས་དེ་དག་གསལ་བར་རྣམ་པར་བྱེད་པ་དང་། བདག་ཉིད་ཀྱི་ལུས་ཀྱིས་མངོན་སུམ་དུ་བྱས་པས་སྒྲའི་རྗེས་སུ་མི་འབྲང་བ་དང་། ཆོས་དེ་དག་ལ་བདག་ཉིད་རྣམ་པར་རྩེན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོར་འཇུག་པ་ལ་རང་དབང་དུ་གྱུར་ཅིང་དགའ་བ་མེད་པ་གང་ཡིན་པ་དེ་ནི་འཕགས་པ་ཞེས་བྱ་སྟེ། ནང་ཡོན་ཏན་དེ་ལྟ་བུ་དང་ལྡན་པས་ཕྱི་རོལ་འཁར་གསིལ་འཛིན་པ་ཡིན་ཏེ། འདིས་ནི་གང་ཟག་གདོན་མི་ཟ་བར་འཕགས་པའི་ཡོན་ཏན་ཚུལ་ཁྲིམས་དང་། བཟོད་པ་དང་། བསམ་གཏན་དང་། ཤེས་རབ་དང་། རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་པོ་རྣམས་ཕུན་སུམ་ཚོགས་པ་ཡིན་ཏེ། གང་ཟག་དེ་འཕགས་པ་ཡིན་པར་མཚོན་པ་ཉིད་ཀྱིས་གུས་པ་སྐྱེད་པར་འགྱུར་བའི་ཕྱིར་འཕགས་པའི་གང་ཟག་གི་རྟགས་ཞེས་བྱའོ། །​སྐྱེས་བུ་དམ་པར་མཚོན་པ་ཞེས་བྱ་བ་ནི་ནང་ན་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་ལྡན་པས་དམ་པ་ཞེས་བྱ་སྟེ། གང་ཟག་དེ་འཕགས་པ་ཡིན་པར་མཚོན་པ་ཉིད་ཀྱིས་གུས་པ་སྐྱེད་པར་འགྱུར་བའི་ཕྱིར་འཕགས་པའི་ནང་ན་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་ལྡན་པས་ཡོན་ཏན་གྱི་གཞི་སྒྲུབ་པ་དང་། ཆོས་གོང་ནས་གོང་དུ་རྩོལ་ཞིང་ལེགས་པར་སྒྲུབ་པར་བྱེད་དོ་ཞེས་སྟོན་པར་བྱེད་པའི་ཕྱིར་སྐྱེས་བུ་དམ་པར་མཚོན་པ་ཞེས་བྱའོ། །​གང་ཟག་གསལ་བ་དེ་རིང་པོར་མི་ཐོགས་པར་ཤེས་རབ་ཀྱིས་མངོན་པར་གྲུབ་ནས་འདུས་མ་བྱས་ཀྱི་གནས་རབ་ཏུ་ཞི་ཞིང་དབེན་པ་མྱ་ངན་ལས་འདས་པའི་བདེ་བ་དོན་དམ་པའི་གནས་ཀྱི་ལམ་དུ་འཇུག་པར་འགྱུར་རོ་ཞེས་ཤེས་པར་བྱེད་པའི་ཕྱིར་ལམ་གྱི་ཆོས་ལ་ཕྱོགས་པའི་རྒྱལ་མཚན་ཞེས་བྱའོ། །​རྗེས་སུ་དྲན་པའི་རྣམ་པར་གཞག་པའི་དོན་གྱི་སྤྱོད་པ་ཞེས་བྱ་བ་ནི་འཁར་བ་འདི་རིམ་པ་གསུམ་དང་ལྡན་པར་དུམ་བུ་གསུམ་གྱི་རིམ་པ་མཐོང་བ་ཉིད་ཀྱིས་ངན་སོང་གསུམ་གྱི་སྡུག་བསྔལ་རྗེས་སུ་དྲན་ནས་ཚུལ་ཁྲིམས་དང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh335.html?part=UT22084-072-035-182#UT22084-072-035-182