Degé Kangyur volume 72, F.173.b

བཞི་སྟེ། བཞི་གང་ཞེ་ན། འདོད་པའི་ལེན་པ་དང་། ལྟ་བའི་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ལེན་པ་དང་། བདག་ཏུ་སྨྲ་བའི་ལེན་པའོ། །​ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་ལ། སྲིད་པ་གང་ཞེ་ན། སྲིད་པ་གསུམ་མོ། །​གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ། །​དེ་ལ་འདོད་པའི་སྲིད་པ་གང་ཞེ་ན། འོག་གི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ནས་ཉེ་བར་བཟུང་སྟེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་འདི་ནི་འདོད་པའི་སྲིད་པ་ཞེས་བྱའོ། །གཟུགས་ཀྱི་སྲིད་པ་གང་ཞེ་ན། ཚངས་རིས་ཀྱི་ལྷ་རྣམས་ནས་ཉེ་བར་བཟུང་སྟེ་འོག་མིན་གྱི་ལྷ་རྣམས་ཀྱི་བར་འདི་ནི་གཟུགས་ཀྱི་སྲིད་པ་ཞེས་བྱའོ། །​གཟུགས་མེད་པའི་སྲིད་པ་གང་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ནས་ཉེ་བར་བཟུང་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་བར་འདི་ནི་གཟུགས་མེད་པའི་སྲིད་པ་ཞེས་བྱའོ། །​སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ལ། སྐྱེ་བ་གང་ཞེ་ན། གང་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ཏུ་སྐྱེ་བ་དང་། འཇུག་པ་དང་། རྫོགས་པར་སྐྱེ་བ་དང་། མངོན་པར་འགྲུབ་པ་དང་། ཕུང་པོ་རྣམས་འབྱུང་བ་དང་། སྐྱེ་མཆེད་རྣམས་རབ་ཏུ་ཐོབ་པ་དང་། སྲོག་གི་དབང་པོ་འབྱུང་བ་དང་། རིས་འཐུན་པ་དང་ཕྲད་པ་སྟེ། འདི་ནི་སྐྱེ་བ་ཞེས་བྱའོ། །​སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ། རྒ་བ་གང་ཞེ་ན། སྤྱི་ཅེར་བ་དང་། སྐྲ་སྐྱ་བ་དང་། གཉེར་མ་མང་བ་དང་། འཁོགས་པ་དང་། ཞོམ་པ་དང་། སྒུར་ཏེ་གདུང་རྟེན་ལྟར་དགུ་བ་དང་། སྒྲ་ངར་ངར་པོར་གྱུར་ཅིང་དབུགས་རྒྱུ་བའི་ལུས་སུ་གྱུར་པ་དང་། ལུས་སྨེ་བ་ལྟ་བུས་གང་བ་དང་། ལུས་མདུན་དུ་དགུ་བ་དང་། འཁར་བ་ལ་རྟེན་པ་དང་། དབང་པོ་རྣམས་ཡོངས་སུ་སྨིན་པ་དང་། ཡོངས་སུ་ཞིག་པ་དང་། འདུ་བྱེད་རྣམས་རྙིངས་པ་དང་། ཤིག་ཤིག་པོར་གྱུར་པ་དང་། བླང་བ་དང་། ཞན་པ་དང་། ཉམས་པ་དང་། ཡོངས་སུ་ཉམས་པ་སྟེ། འདི་ནི་རྒ་བ་ཞེས་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh317.html?part=UT22084-072-017-412#UT22084-072-017-412