Degé Kangyur volume 72, F.171.b
རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་སྟེ། དགེ་སློང་དག་འདི་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དགེ་སློང་དག་དེ་ལ་ཁམས་བཅྭ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། དགེ་སློང་དག་འདི་དག་ནི་ཁམས་བཅྭ་བརྒྱད་ཅེས་བྱའོ། །དགེ་སློང་དག་དེ་ལ་སྐྱེ་མཆེད་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། མིག་ནང་གི་སྐྱེ་མཆེད་དང་། གཟུགས་ཕྱིའི་སྐྱེ་མཆེད་དང་། རྣ་བ་ནང་གི་སྐྱེ་མཆེད་དང་། སྒྲ་ཕྱིའི་སྐྱེ་མཆེད་དང་། སྣ་ནང་གི་སྐྱེ་མཆེད་དང་། དྲི་ཕྱིའི་སྐྱེ་མཆེད་དང་། ལྕེ་ནང་གི་སྐྱེ་མཆེད་དང་། རོ་ཕྱིའི་སྐྱེ་མཆེད་དང་། ལུས་ནང་གི་སྐྱེ་མཆེད་དང་། རེག་བྱ་ཕྱིའི་སྐྱེ་མཆེད་དང་། ཡིད་ནང་གི་སྐྱེ་མཆེད་དང་། ཆོས་ཕྱིའི་སྐྱེ་མཆེད་དེ། །དགེ་སློང་དག་འདི་དག་ནི་སྐྱེ་མཆེད་བཅུ་གཉིས་ཞེས་བྱའོ། །དགེ་སློང་དག་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh317.html?part=UT22084-072-017-408#UT22084-072-017-408