Degé Kangyur volume 72, F.162.a

དེར་མཆིས་ཏེ། ཆབ་ཏ་པོ་ཏའི་འགྲམ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་སྣང་བར་བགྱིས་ནས་བདག་ལ་འདི་སྐད་མཆིའོ། །​དགེ་སློང་ཁྱོད་ཀྱིས་མཚན་མོ་བཟང་པོའི་མདོ་སྡེ་ཤེས་སམ། བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་སོ། །​ལྷ་བདག་གིས་ནི་མཚན་མོ་བཟང་པོའི་མདོ་སྡེ་མ་འཚལ་ན། ལྷ་ཁྱོད་ཀྱིས་ལྟ་མཚན་མོ་བཟང་པོའི་མདོ་སྡེ་མཁྱེན་ཏམ་མི་མཁྱེན། དེ་འདི་སྐད་ཅེས་མཆིའོ། །​དགེ་སློང་བདག་གིས་ཀྱང་མཚན་མོ་བཟང་པོའི་མདོ་སྡེ་མི་ཤེས་སོ། །​ལྷ་འོ་ན་མཚན་མོ་བཟང་པོའི་མདོ་སྡེ་འཚལ་བ་ད་ལྟར་སུ་མཆིས། དེ་འདི་སྐད་ཅེས་མཆིའོ། །​རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཅོམ་ལྡན་འདས་བཞུགས་ཀྱིས། ཁྱོད་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ལ་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་དེ་ཁྱོད་ལ་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་ཟུང་ལ་བརྩོན་པར་གྱིས་ཤིག་ཅེས་སྨྲས་ནས། ལྷ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །​བཙུན་པ་བཅོམ་ལྡན་འདས་དེའི་སླད་དུ་བདག་འདིའི་དོན་ཡོངས་སུ་ཞུའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་ཀྱིས་ལྷ་དེ་ཤེས་སམ། དགེ་སློང་དེས་གསོལ་པ། བཙུན་པ་བདག་གིས་ལྷ་དེ་མ་འཚལ་ཏོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དེ་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་སྡེ་དཔོན་ཏེ། ཙན་དན་ཞེས་བྱའོ། །​དགེ་སློང་དེས་གསོལ་པ། བཙུན་པ་བདག་མཚན་མོ་བཟང་པོའི་མདོ་སྡེ་ཐོས་པར་འཚལ་ལོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། །​དགེ་སློང་ཆོས་གསུམ་དང་ལྡན་ན་དགེ་སློང་མཚན་མོ་བཟང་པོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ། །​གསུམ་གང་ཞེ་ན། འདི་ལྟ་སྟེ། འདས་པ་ལ་རྗེས་སུ་ཕྲད་པར་མི་བྱེད་པ་དང་། མ་འོངས་པ་ལ་རེ་བ་མེད་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱིས་མི་འཕྲོགས་པར་གནས་པའི་ཆོས་ཅན་ཏེ། ཆོས་གསུམ་པོ་དེ་དག་དང་ལྡན་ན་དགེ་སློང་མཚན་མོ་བཟང་པོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh313.html?part=UT22084-072-013-312#UT22084-072-013-312