Degé Kangyur volume 72, F.153.b

གཅིག་པ་དང་ཐ་དད་པ་མ་ཡིན་པའི་དཔེའོ། །​ཀྱེ་རྒྱལ་པོ་ཆེན་པོ་དཔེ་བརྒྱད་པོ་འདི་ཚང་བར་མ་སྨོས་ཏེ། འགའ་ཞིག་བསྟན་ན་དབང་ཕྱུག་དང་། འདོད་རྒྱལ་དང་། གྱི་ན་དང་། རྒྱུ་མེད་པར་སྨྲ་བ་དག་གིས་དགེ་སྦྱོང་གཽ་ཏ་མའི་དཔེ་འདི་དག་ཁ་ཏོན་གྱི་དཔེས་ནི་འདིའི་ཕུང་པོ་དང་། རྣམ་པར་ཤེས་པ་གཉིས་མ་བྲལ་བར་ཕ་རོལ་ཏུ་རྣམ་པར་ཤེས་པ་འཕོ་བར་འགྱུར་ཞེས་སྨྲ་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །​མར་མེའི་དཔེས་ནི་འདི་དང་ཕ་རོལ་གཉི་གར་ཕུང་པོ་དུས་གཅིག་ཡོད་དོ། །​ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །​མེ་ལོང་གི་དཔེས་ནི་འདྲ་བའི་དཔེ་ཡིན་པས་གྲུམ་པོ་ལས་གྲུམ་པོར་སྐྱེ། དཀར་པོ་ལས་དཀར་པོར་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །​རྒྱའི་དཔེས་ནི་ལྷ་འཕོས་པ་ལྷར་སྐྱེ། མི་འཕོས་པ་མིར་སྐྱེ་བ་ལ་སོགས་པ་ངེས་པའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །​མེ་ཤེལ་གྱི་དཔེས་ནི་མི་འདྲ་བའི་དཔེ་ཡིན་པས་དགེ་བས་ངན་སོང་དང་མི་དགེ་བས་མཐོ་རིས་འགྲུབ་བོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །​ས་བོན་གྱི་དཔེས་ནི་ཤེས་པ་གཅིག་ལས་མང་པོར་འཕེལ་ལོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །​སྐྱུར་གྱི་དཔེས་ནི་མྱོང་བའི་དཔེ་ཡིན་པས་ལྷའི་ལོ་རྒྱུས་ཡོད་པ་དག་དགེ་བའི་བསོད་ནམས་མ་བྱས་ཀྱང་ལྷར་སྐྱེའོ། །​ངན་སོང་གི་ལོ་རྒྱུས་ཡོད་པ་དག་མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེའོ། །​ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །​སྒྲའི་དཔེས་ནི་བྱེད་པ་པོའི་དཔེ་ཡིན་པས་རྒྱུ་རྐྱེན་ལས་མ་བྱུང་ངོ་། །​ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །​དེའི་ཕྱིར་དཔེ་བརྒྱད་བསྟན་ཏོ། །​ཀྱེ་རྒྱལ་པོ་ཆེན་པོ་ཚེ་ཞིག་སྟེ་ཕ་རོལ་ཏུ་སྐྱེ་བ་མེད་དེ། ཆད་པ་དང་འགག་པ་ཡང་མ་ཡིན་ནོ། །​ཚེ་འདི་དངོས་པོ་རྟག་པ་མ་ཉམས་པར་ཕ་རོལ་ཏུ་འཕོ་བ་ཡང་མ་ཡིན་ནོ། །​ཚེ་འདི་ལ་མ་བསྟེན་པར་ཕ་རོལ་ཏུ་སྐྱེ་བ་ལེན་པ་ཡང་མ་ཡིན་ནོ། །​བདག་གིས་སྐྱེ་བ་འདི་བླང་ངོ་ཞེས་བསམས་པས་ཀྱང་སྐྱེ་བ་མི་ལེན་ཏོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh308.html?part=UT22084-072-008-234#UT22084-072-008-234