Degé Kangyur volume 69, F.186.b

ལས་ཀྱི་འབྲས་བུ་ལ་སྤྱོད་པ་རྣམས་རྩེ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་དོ། །​དེ་དག་དུས་ཡུན་རིང་དུ་རྩེ་བར་བྱེད་ཀྱང་བག་མེད་པ་ལ་གནས་པ་དག་ཁོང་དུ་མི་ཆུད་དེ། ཡུལ་གྱིས་ཀུན་ནས་བསླང་བ་དེ་དག་ཉིད་ཀྱིས་ཚིམ་པ་མེད་ཅིང་ཤིན་ཏུ་སྡུག་པའི་བདེ་བས་རྣམ་པར་རྨོངས་པ་དེ་དག་མེ་ཏོག་ཀུ་བ་ལའི་ཚལ་དུ་འདོང་བར་བྱེད་དོ། །​མེ་ཏོག་ཀུ་བ་ལའི་པད་མ་རྣམས་ཀྱི་ཁ་རབ་ཏུ་བྱེ་བ་དེ་ཡང་བུང་བ་འབུམ་སྙེད་ཀྱིས་གང་བ་ཡིན་ཏེ། བུང་བ་དེ་དག་ཉིད་དང་ལྷན་ཅིག་འདོད་པའི་བདེ་བ་ཚིམ་པ་མེད་པས་ཆང་འཐུང་ཞིང་གླུ་ལེན་ནོ། །​འདོད་པ་དག་གིས་བརྒྱའམ་ཡང་ན་སྟོང་དུ་ཚིམ་པ་མེད་པ་ལ་ལག་ན་རོལ་མོའི་སྒྲ་སྣ་ཚོགས་ཐོགས་ཤིང་རྟག་ཏུ་མྱོས་པར་གནས་པ། ཕན་ཚུན་རྒྱགས་པ་དུ་མ་དོན་དུ་བྱེད་པ་དེ་དག་སྐྱེད་མོས་ཚལ་ཆེན་པོ་འདོད་པ་ངེས་པར་ཐོབ་ཅེས་བྱ་བ་ག་ལ་བ་དེར་འདོང་ངོ་། །​ཚིམ་པ་མེད་པ་དེ་དག་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ། བག་མེད་པ་ལ་གནས་པ་དག་ཕན་ཚུན་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །​དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །​གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་རྟག་ཏུ་ན་བ་མེད་ཅིང་བཞིན་གྱི་མདོག་བཟང་བར་འགྱུར། རྒྱལ་པོས་བཀྲབས་པའམ་ཚོང་པའམ་ཁྱིམ་བདག་རྣམས་ཀྱིས་བརྡུང་བར་མི་འགྱུར། ཤིན་ཏུ་བདེ་ཞིང་ཡིད་ལ་རིག་པའི་བློ་གསལ་བར་འགྱུར་བ་མཐོང་ངོ་། །​དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་གནས་ཞིབ་ཏུ་དཔྱོད་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ་། །​དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་སྐྱེས་བུ་དགེ་བ་བདག་དང་གཞན་ལ་ཕན་པར་ཞུགས་པ་གཡོ་མེད་པ། གཞན་ལ་གནོད་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-100871#UT22084-068-021-100871