Degé Kangyur volume 69, F.182.a

ཤིང་ལྗོན་པ་རྣམས་མཛེས་པ་ཡིན་ནོ། །​ཡང་པད་མ་དང་ཨུད་པ་ལའི་ཚལ་དག་མཛེས་པ་ཇི་ལྟ་བུ་ཡིན་ཞེ་ན་འདི་ལྟ་སྟེ། ཚལ་དེ་ཀུན་ནས་བཻ་ཌཱུརྱའི་སྡོང་བུ་དང་གསེར་གྱི་འདབ་མ་དང་ཀེ་ཀེ་རུའི་ཟེ་བ་དང་ཨན་ད་རྙིལ་གྱི་མདོག་ལྟ་བུའི་བུང་བ་རྣམས་ཀྱིས་བརྒྱན་པའི་བུང་བ་ཐམས་ཅད་སྒྲ་སྙན་པ་འབྱིན་ཏེ། ཇི་ལྟར་ལྷ་རྣམས་ཀྱི་ཐོས་པ་ཉམས་དགའ་བ་དེ་བས་ཀྱང་རབ་ཏུ་སྟོབས་ཆེ་བར་ཡིད་བདེ་བ་སྐྱེའོ། །​ཡང་ཚལ་དེ་ཉིད་ཀུན་ནས་གསལ་ཞིང་མཛེས་པ་ཡིན་ཏེ། འདི་ལྟ་སྟེ། ཚལ་གྱི་ཁ་དོག་རྣམ་པ་སྣ་ཚོགས་ཀྱིས་མཛེས་པ་དག་ནི། འདི་ལྟ་སྟེ། ཁ་དོག་སྔོན་པོ་དང་སེར་པོ་དང་བཙོད་ཀ་དག་ཡིན་ནོ། །​ཇི་ལྟར་འཛམ་བུའི་གླིང་ནས་ཕྱོགས་ཤིན་ཏུ་སྡུག་པར་བྱས་པ་ལྟར་ཚལ་རྣམ་པར་མཛེས་ཞེས་ཚལ་གསལ་བ་དེ་ན་སྟེགས་དང་། ལྟེང་ཀ་དང་ཚལ་བུ་དང་པད་མའི་འདབ་མ་དག་གིས་བརྒྱན་པ་དེ་ཀུན་ནས་རྣམ་པར་མཛེས་པ་ཡིན་ནོ། །​ཚལ་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་དེ་ན་ལྷ་དེ་རྣམས་རྩེ་བ་ན་མངོན་པར་མཐོང་ནས་ཡིད་རབ་ཏུ་དགའ་བའི་ལྷ་དེ་དག་ལྷ་མོའི་ཚོགས་དེས་ཡོངས་སུ་བསྐོར་བ་དང་ལྷན་ཅིག་བདེ་བར་འདོང་བར་བྱ་བའི་ཕྱིར་ནམ་མཁའ་ལ་གར་བབ་བབ་ཏུ་འདོང་བར་བྱེད་པ་དང་། ལྷ་གཞན་དག་ལྷ་སྔོན་མ་བྱུང་བ་འདི་དག་བདག་ཅག་གི་དྲུང་དུ་འོངས་སོ་ཞེས་ཤེས་ནས་ལྷ་དེ་དག་ཉིད་ཀྱི་དྲུང་དུ་འདོང་བར་བྱེད་དེ། ཕན་ཚུན་ཚིག་སྙན་པ་ཉིད་ཀྱིས་བོས་ནས་ཕན་ཚུན་གྲོགས་སུ་གྱུར་པ་པད་མའི་ཚལ་རྣམ་པ་སྣ་ཚོགས་ལ་དགའ་བ་དག་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །​དེ་ནས་ལྷ་དེ་རྣམས་དེ་ལྟར་ཡུན་རིང་དུ་ཀུན་མཐོང་གི་ཚལ་དེར་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་རྩེས་ནས། སྐྱེད་མོས་ཚལ་མྱོས་གནས་ཞེས་བྱ་བ་ག་ལ་བ་དེར་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་འདོང་བར་བྱེད་དོ། །​སྐྱེད་མོས་ཚལ་དེ་ཡང་ཁ་ཁྱེར་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་ཁྲོན་པ་དང་འབབ་ཆུ་དང་རྫིང་རིང་པོ་ཉམས་དགའ་བ་ཡིན་ནོ། །​དེ་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁང་བཟངས་དཀྲིགས་པ་གསེར་གྱིས་ཕྱེ་བ་དང་ཡང་དག་པར་ལྡན་པ། ས་དུ་མ་ཤིན་ཏུ་རྣམ་པར་ཕྱེ་བ་ཉམས་དགའ་བ་ཡིན་ནོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-100862#UT22084-068-021-100862