Degé Kangyur volume 68, F.288.b

སྲོག་ཆགས་མར་ཀོ་ཏ་ཀས་ཟ་བ་དང་། རིམས་ལ་སོགས་པས་དེ་ལྟར་སྐྱེས་པ་དང་བུད་མེད་དེར་སྐྱེས་པའི་ལུས་དང་ཡིད་ལས་བྱུང་བའི་སྡུག་བསྔལ་སྣ་ཚོགས་ཀྱིས་མིའི་ལོ་བཅུ་ལ་ཡི་དགས་ཀྱི་བགྲང་བའི་ཚུལ་གྱིས་ཉིན་ཞག་གཅིག་པའི་ཚེ་རབས་ལྔ་བརྒྱར་མངོན་པར་གདུངས་ཏེ་ཚེ་བར་ཆད་དུ་འགྱུར་བ་ནི་ཡོད་དོ། །​དེར་སྐྱེ་བར་འགྱུར་བའི་ལས་གཉིས་པས་ཀྱང་ཡང་དེར་སྐྱེ་བར་འགྱུར་ཏེ། འདི་ལྟར་དགེ་སྦྱོང་དང་བྲམ་ཟེ་དག་བདག་ཅག་གི་དེར་ཟན་སྦྱིན་ནོ་ཞེས་བྱས་ལ་བཟའ་བ་དང་བཅའ་བ་དག་ཀྱང་ཡོད་བཞིན་དུ་བུད་མེད་སེར་སྣས་མངོན་པར་ཟིན་པ་དེ་ཁྱིམ་ཐབ་ལ་བསླུས་བའི་བསམ་པས་འདི་ལྟར་ཅི་ཡང་མེད་ན། དགེ་སྦྱོང་དང་བྲམ་ཟེ་དག་ལ་སྦྱིན་དུ་ག་ལ་ཡོད་ཅེས་སྨྲས་ན་དེ་ཡང་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་ཁ་ཁབ་ལྟར་ཕྲ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །​སེར་སྣ་དེ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་བུད་མེད་ཕལ་ཆེར་ཡི་དགས་རྣམས་ཀྱི་ནང་དུ་བརྫུས་ཏེ་སྐྱེ་བར་འགྱུར་བ་དེ་ལྟར་མིའི་ནང་དུ་སྐྱེ་བར་མི་འགྱུར་ཏེ། འདོད་པ་ལ་ཕྲག་དོག་དང་། སེར་སྣས་ཉམས་པའི་རྒྱུ་གང་གིས་ཡི་དགས་མོར་འགྱུར་བ་དེ་ལྟར་མིའི་ནང་དུ་སྐྱེ་བར་མི་འགྱུར་རོ། །​བུད་མེད་ནི་སེམས་ཆུང་ཞིང་སེམས་ཡང་བ་ཡིན་ལ་དེ་ལྟར་རྒྱུ་དེ་དང་རྐྱེན་དེས་ཡི་དགས་མོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་ཇི་སྲིད་དུ་སེར་སྣ་དང་ཕྲག་དོག་བྱས་པའི་སྡིག་པ་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེར་སྐྱེ་བར་འགྱུར་རོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །​བྱ་ཁུག་རྟ་རྣམས་ཀྱི་ནང་དུ་སྐྱེས་ནས་དེ་རྟག་ཏུ་བཀྲེས་པ་དང་སྐོམ་པས་གདུངས་པར་འགྱུར། དེ་ལས་ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་མིར་འགྲུབ་པའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། སྐྱེས་པའམ་བུད་མེད་དེ་རྟག་ཏུ་བཀྲེས་པ་དང་སྐོམ་པས་གདུངས་པར་འགྱུར།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-100440#UT22084-068-021-100440