Degé Kangyur volume 68, F.233.b

བར་སྲེག་གོ། །​དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་སྟོང་ཕྲག་དུ་མར་ཡི་དགས་དང་དུད་འགྲོ་དག་ཏུ་སྐྱེ་བར་འགྱུར་ཏེ། ཡི་དགས་རྣམས་སུ་ཤིན་ཏུ་བཀྲེས་པ་དང་། སྐོམ་པས་གདུངས་པར་འགྱུར། ཡི་དགས་དང་དུད་འགྲོ་དག་ཏུ་དུད་འགྲོར་འགྱུར་བ་ཐམས་ཅད་དུ་ཡང་ཚེ་རབས་ཚེ་རབས་སུ་འབྱུང་ཞིང་ཟ་བར་འགྱུར་རོ། །​དེ་དེ་ལས་ཐར་ནས་ཀྱང་གལ་ཏེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་ཚེ་རབས་ལྔ་བརྒྱར་མ་ནིང་དུ་འགྱུར་བ་མཐོང་ངོ་། །​དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་མདག་མེ་བྱེ་མ་ལྟ་བུའི་ཆར་རྟག་ཏུ་འབབ་པ་ཞེས་བྱ་བ་མཐོང་ངོ་། །​དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། ཆང་འཐུང་བ་དང་། བརྫུན་སྨྲ་བ་དང་། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །​གང་གིས་ཙེ་ལུ་མ་སུན་འབྱིན་པར་བྱེད་ཅིང་སུན་ཕྱུང་ནས་ཀྱང་རྗེས་སུ་དགའ་བར་བྱེད་ལ་དེ་ཉིད་ལ་ཤིན་ཏུ་ཆགས་པར་བྱེད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་མདག་མེ་བྱེ་མ་ལྟ་བུའི་ཆར་རྟག་ཏུ་འབབ་པར་སྐྱེ་བར་འགྱུར་རོ། །​དེར་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་སེམས་ཅན་དམྱལ་བ་འདིར་འབྱུང་བའི་སྟེང་དུ་གནོད་པ་ཁྱད་པར་དུ་འབྱུང་བ་དག་ནི། འདི་ལྟ་སྟེ། སེམས་ཅན་དམྱལ་བ་པ་དེའི་འཁོར་ནི་དཔག་ཚད་ལྔ་བརྒྱ་ཡོད་ལ་དེ་ཐམས་ཅད་རབ་ཏུ་འབར་བ། བྱེ་མ་རྡོ་རྗེའི་མེ་མདག་ལྟ་བུ་དག་གིས་དེར་དཔེ་བྱ་བར་ཡང་མི་ནུས་པར་གང་སྟེ། འདི་ལྟར་འཚེད་པ་པོ་ཡང་ནུབ་པར་འགྱུར་ན་སེམས་ཅན་དམྱལ་བ་པ་ལས་ལྕི་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ཇི་ལྟར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-100330#UT22084-068-021-100330