Degé Kangyur volume 68, F.189.b

ཐ་ཤལ་ནང་ན་དེ་ཐ་ཤལ། །​བདེན་པ་ཆོས་ཀྱི་ཐེམ་སྐས་ཏེ། །​སྣང་བའི་འབྱུང་ཁུངས་ཆེན་པོ་ཡིན། །​ཐར་པའི་ཆོས་ཀྱི་ལམ་ཡིན་ཞིང་། །​ནོར་གྱི་ནང་ན་ནོར་མཆོག་ལ། །​སྐྱབས་ཀྱི་ནང་ན་སྐྱབས་མཆོག་ནི། །​བདེན་པ་ཡིན་ཞེས་མཁས་པས་བཤད། །​སྣང་བའི་ནང་ན་སྣང་བ་མཆོག །​མིག་གི་ནང་ནའང་མིག་དང་ལྡན། །​ནོར་རྫས་མེད་ལ་ནོར་རྫས་ཏེ། །​རྒྱན་གྱི་ནང་ནའང་རྒྱན་བཟང་ཡིན། །​བདེན་པ་མི་ཟད་གཏེར་ཡིན་ཏེ། །​རྒྱལ་པོ་ཀུན་གྱིས་དབྲོག་མི་ནུས། །​མི་དག་གང་གིས་སྨྲ་བ་ནི། །​འགྲོ་བ་མཆོག་ཏུ་འགྲོ་བ་ཡིན། །​ཇི་ལྟར་བདེན་པས་སྐྱེས་བུ་དག །​བརྒྱན་པ་མཛེས་ཏེ་ལྷ་འདྲ་འོ། །​སྣ་ཚོགས་རྒྱན་གྱིས་སྐྱེས་བུ་དག །​བརྒྱན་པ་དེ་ལྟར་མཛེས་པ་མིན། །​ཇི་ལྟར་འཇིག་རྟེན་ཕ་རོལ་དུ། །​ཕ་མེད་མ་མེད་དོན་མེད་ཅིང་། །​བཤེས་མེད་གཉེན་མེད་སྐྱབས་མེད་པས། །​དེ་ལྟར་རྟག་ཏུ་བདེན་པ་སྨྲོས། །​མེ་ཡི་ནང་ན་མེ་མཆོག་ལ། །​དུག་གི་ནང་ན་དུག་མཆོག་སྟེ། །​ངན་འགྲོ་རྣམས་ཀྱི་ཐེམ་སྐས་ནི། །​བརྫུན་པ་ཡིན་ཞེས་ཡོངས་སུ་བསྒྲགས། །​རེག་ན་དུག་དང་མེ་འདྲ་བ། །​བརྫུན་པ་རྣམ་པར་སྤང་བར་གྱིས། །​བརྫུན་གྱིས་བསྲེགས་པའི་མི་དག་ནི། །​བསྲེགས་པ་ཡིན་ཞེས་མངོན་པར་བརྗོད། །​དེ་ལྟར་མངོན་པར་འབད་ཀུན་གྱིས། །​མི་དག་བརྫུན་ནི་མ་སྨྲ་ཤིག །​འཇིགས་ལ་སོགས་པ་ཉོན་མོངས་ཀུན། །​བརྫུན་ལས་བྱུང་ཞེས་ཡོངས་སུ་བརྗོད། །​དེ་ལྟར་དགེ་སློང་དེ་བརྫུན་གྱི་ལས་ཀྱི་འབྲས་བུའི་དེ་ཁོ་ན་ལྐོག་ཏུ་མ་གྱུར་པ་མཐོང་བ། བདེན་པའི་ཡོན་ཏན་གྱི་དེ་ཁོ་ན་མཐོང་བ། དགེ་བ་དང་མི་དགེ་བའི་དེ་ཁོ་ན་མཐོང་བ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་འཁོར་ལ་རྟོག་པར་བྱེད་དེ། དེས་སེམས་ཅན་དམྱལ་བ་སྒྲ་འབྱིན་ཤིན་ཏུ་སྒྲ་འབྱིན་ཞེས་བྱ་བ་མཐོང་ངོ་། །​དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། ཆང་འཐུང་བ་ནི་སྔ་མ་བཞིན་ནོ།​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-100242#UT22084-068-021-100242