Degé Kangyur volume 68, F.183.b

དཔག་ཚད་ལྔ་ཡོད་པ་དེའི་ནང་དུད་པས་འཁྲིགས་ཤིང་རྒྱ་མཚོའི་ཀློང་གི་མེའི་མུན་གནག་གིས་གཏིབས་པ་ཟབས་སུ་ཀུན་ནས་རྒྱང་གྲགས་གསུམ་དུ་ས་བརྐོས་པ་དེར་མེ་མདག་ཁྲོལ་བུ་རབ་ཏུ་འབར་བས་ཤིན་ཏུ་གང་བའི་སའི་བུ་ག་དེར་སེམས་ཅན་དམྱལ་བ་པ་དེ་དག་ཉིན་གཅིག་བཞིན་དུ་འཇུག་སྟེ་ངུ་སྐད་འབྱིན་པར་ཡང་མི་ནུས་ཤིང་དེ་བཞིན་དུ་འཛག་སྒོ་ཐམས་ཅད་ཀྱང་མེས་གང་བར་འགྱུར་རོ། །​དེ་ལས་ཐར་ནས་ཆུ་ཤིང་གི་དུད་པ་དེས་དེ་ལྟར་ཡང་དང་ཡང་དུ་འཛག་སྒོ་ཐམས་ཅད་གང་བར་འགྱུར་ལ་འདི་ལྟར་མེ་དེ་ལ་བདེ་བར་སེམས་ཏེ། དུ་བ་དེའི་མཐུ་ནི་དེ་ལྟར་ཤིན་ཏུ་རྣོ་བ་ཉིད་ཡིན་ནོ། །​དེ་ལས་ཀྱང་ཐར་ནས་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་བྱ་དུ་བའི་མདོག་གི་ཕྲེང་བ་ཞེས་བྱ་བའི་མཆུ་ཤིན་ཏུ་རྣོ་བ་དེ་དག་གིས་རུས་པ་ཕུག་ནས་རྐང་དག་ལ་ཟ་བར་བྱེད་དོ། །​དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་གློ་དང་མཇུག་དོ་དག་ལ་གདོན་གྱི་ནད་ཀྱིས་ཐེབས་ཤིང་དབུལ་བ་དང་ཚེ་ཐུང་བར་འགྱུར་བར་མཐོང་ངོ་། །​དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་མེ་མདག་དུད་པའི་ཚལ་ཞེས་བྱ་བ་མཐོང་ངོ་། །​དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི་སྔ་མ་བཞིན་ནོ། །​ཆང་འཐུང་བ་ནི་དགྲ་གསད་པའི་ཕྱིར་དང་། ཆོམ་རྐུན་དང་རྒྱལ་པོས་བཀྲབས་པ་གསད་པའི་ཕྱིར་བླུད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་དམྱལ་བ་མེ་མདག་དུད་པའི་ཚལ་དུ་སྐྱེ་བར་འགྱུར་རོ།​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-100230#UT22084-068-021-100230